དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བསོད་ནམས་དར་རྒྱས་ཀྱི་རྗེས་སུ་སྙེགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-08-05

    འདི་ལོ་ལོ་23ལ་སླེབས་པའི་སློབ་གྲྭ་ཆེ་མོ་བ་ཚེ་རིང་བློ་བཟང་གི་བསམ་འདུན་དངོས་སུ་མངོན་འགྱུར་བྱུང་བ་སྟེ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ཁུ་ཁུ་ཤིས་རིའི་རང་བྱུང་སྲུང་སྐྱོང་ཁུལ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་སླེབས་ནས་ཆེད་བསྐོས་སྐྱེ་ཁམས་བདག་སྐྱོང་བ་ཞིག་ཏུ་གྱུར་བ་དེ་རེད།

    “ངས་སྔ་ས་ནས་བསོད་ནམས་དར་རྒྱས་ཀྱི་བྱས་རྗེས་ཐོས་མྱོང་ཡོད་ལ་སེམས་འགུལ་ཡང་ཆེན་པོ་ཐེབས་བྱུང་བས་དེར་བརྟེན་ཁོང་གི་རྗེས་སུ་སྙེགས་ནས་ཁུ་ཁུ་ཤིས་རི་སྲུང་སྐྱོང་བྱེད་མཁན་ཞིག་ལ་འགྱུར་འདོད་ཡོད”ཅེས་ཚེ་རིང་བློ་བཟང་གིས་བཤད།

    དུས་རབས་20པའི་ལོ་རབས་80པར་ཧམ་ཤེད་ཆེ་བའི་རྔོན་རྒྱག་མཁན་ཚོས་གཙོད་གང་བྱུང་དུ་བསད་པས་ཁུ་ཁུ་ཤིས་རིའི་གཙོད་ཀྱི་གྲངས་འབོར་ཁྲི་20ལྷག་ཙམ་ནས་ཁྲི་2བར་ཉུང་དུ་ཕྱིན་ཡོད། 1994ལོར་འབྲི་སྟོད་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་རྔོན་རྒྱག་མཁན་དང་འཐབ་རྩོད་བྱེད་པའི་ཁྲོད་རང་ཉིད་ཀྱི་རྩ་ཆེའི་ཚེ་སྲོག་ཀྱང་སྐྱེས་སུ་ཕུལ་ཡོད།

    ད་ཆ་བསོད་ནམས་དར་རྒྱས་ཞེས་མིང་བཏགས་པའི་སྲུང་སྐྱོང་ས་ཚིགས་དེར་ཁྱོན་སྐྱེ་ཁམས་བདག་སྐྱོང་བ་14ཡོད་པ་དེས་རི་སྐོར་དང་། ལྐོག་རྔོན་ལ་ངོ་རྒོལ། གཙོད་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅས་ཀྱི་འགན་འཁུར་བཞིན་ཡོད་པ་རེད།

    སྐྱེ་ཁམས་བདག་སྐྱོང་བ་མི་རབས་མང་པོའི་དཀའ་སྤྱད་བརྒྱུད། ཁུ་ཁུ་ཤིས་རིའི་ས་ཁུལ་གྱི་གཙོད་ཀྱི་གྲངས་འབོར་ཁྲི་7ཡན་བར་སླར་གསོ་ཐུབ་ཡོད་པ་རེད།

    ཉིན་གུང་ཟིན་གྲབས་ཡོད་པའི་སྐབས་སུ་ཚེ་རིང་བློ་བཟང་གིས་འོ་དམ་འཁྱེར་ནས་སྲུང་སྐྱོང་ས་ཚིགས་ཀྱི“གཙོད་ཕྲུག་ཁང”དུ་ཡོང་བས་གཙོད་ཕྲུག་ལྔ་པོས་ཁོང་གི་མཐའ་སྐོར། གཙོད་ཕྲུག་ལྔ་པོ་དེ་དག་སྐྱས་སྤོ་སྐབས་གཙོད་ཀྱི་ཁྱུ་ཚོགས་དང་ཁ་ཐོར་བ་དང་སྐྱེ་ཁམས་དོ་དམ་བ་འདི་ལོ་རི་སྐོར་དུ་སྐྱོད་སྐབས་གཙོད་དེ་དག་རྙེད་པ་དང་སྦྲགས་སྲུང་སྐྱོང་ས་ཚིགས་སུ་འཁྲིད།

    “གཙོད་ནི་གཙང་གསུམ་ཆུ་འགོའི་ཁུལ་གྱི་མཚོན་རྟགས་རང་བཞིན་ལྡན་པའི་སྲོག་ཆགས་ཤིག་རེད། བསོད་ནམས་དར་རྒྱས་ཀྱིས་ཁོང་ཚོ་སྲུང་སྐྱོང་བྱ་ཆེད་ཚེ་སྲོག་སྐྱེས་སུ་ཕུལ་ཡོད། ང་ཚོ་བདག་སྐྱོང་བ་མི་རབས་གསར་པ་ཞིག་ཡིན་པའི་ངོས་ནས‘ས་མཐོའི་གཙོད’དེ་དག་ལ་སྲུང་སྐྱོང་ཡག་པོ་བྱེད་པའི་འོས་འགན་ཡོད། དེ་ནི་རྒྱུན་འཛིན་བྱས་པ་ཞིག་ཀྱང་རེད། སྲུང་སྐྱོང་ས་ཚིགས་ཀྱིས་ད་དུང་སྐྱབས་པའི་གཙོད་ཕྱི་རོལ་ཡུལ་དུ་སྦྱོང་བརྡར་བྱེད་ཀྱི་ཡོད། ཁོང་ཚོར་ཕྱི་རོལ་དུ་འཚོ་གནས་ཐུབ་པའི་ནུས་པ་ངེས་ཅན་ལྡན་རྗེས་རང་བྱུང་ཁམས་སུ་གློད་ཀྱི་ཡོད”ཅེས་ཚེ་རིང་བློ་བཟང་གིས་བཤད།

    མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་ནི་འབྲི་ཆུའི་ཆུ་འགོ་ཡིན་པས“ལེ་དབར་ཁྲི་ཡི་འབྲི་ཆུའི་རྫོང་དང་པོ”ཞེས་བརྗོད་ཀྱི་ཡོད། འབྲི་སྟོད་དུ་འོས་འགན་ངང་གད་སྙིགས་གཙང་ཕྱགས་བྱེད་མཁན་ཁོར་ཡུག་སྲུང་སྐྱོང་དང་བླངས་རུ་ཁག་ཞིག་ཡོད་པ་དང་ལོ་མང་རིང་འཕེལ་རྒྱས་ཕྱིན་པ་བརྒྱུད་ད་ཆ་མི་80ལྷག་ཙམ་ཡོད་པ་རེད།

    དང་བླངས་རུ་ཁག་འཛུགས་མཁན་གྲས་ཤིག་ཡིན་པའི་འབྲོག་པ་བསོད་ནམས་རིན་ཆེན་གྱིས་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་ཞབས་ཞུ་ལོ་13བསྒྲུབས་ཡོད། ཁོང་དང་རུ་མི་ཚོས་རང་ཉིད་ཀྱིས་རླངས་འཁོར་བཏང་ནས་གད་སྙིགས་སྒྲུག་གི་ཡོད་པ་མ་ཟད། ད་དུང་རང་འགུལ་ངང་འབྲི་སྟོད་རྫོང་གི་འབྲོག་པ་ཚང་མར་སྐྱེ་ཁམས་སྲུང་སྐྱོང་གི་ཤེས་བྱ་སྒྲོག་འགྲེལ་ཡང་བྱེད་ཀྱི་ཡོད་པ་རེད།

    “བསོད་ནམས་དར་རྒྱས་ཀྱིས་ཁུ་ཁུ་ཤིས་རི་དང་གཙོད་ལ་སྲུང་སྐྱོང་བྱ་ཆེད། རང་ཉིད་ཀྱི་ཚེ་སྲོག་བློས་བཏང་ཡོད། ང་ཚོ་རྩྭ་ཐང་དེའི་ཐོག་འཚར་ལོངས་བྱུང་བས་ང་ཚོའི་ཁྱིམ་གཞིས་དེ་བས་སྲུང་སྐྱོང་ཡག་པོ་བྱེད་དགོས་ངེས་རེད”ཅེས་བསོད་ནམས་རིན་ཆེན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།