དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྭ་སྒྲེང་ཆོས་བྲོ་མི་ཉམས་གོང་དུ་སྤེལ། རིག་གནས་ཤུལ་བཞག་རྒྱུན་འཛིན་ལེགས་པར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-05

    རྭ་སྒྲེང་ཆོས་བྲོའི་རིག་གནས་འཁྲབ་སྟོན་རུ་ཁག་བོད་ཀྱི་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་དང་པོར་ཞུགས་པ།

    རྭ་སྒྲེང་ཆོས་བྲོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་སྐྱེས་པའི་འཁྲབ་སྟོན་པས་ཞབས་བྲོ་འཁྲབ་བཞིན་པ།

    རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ངག་དབང་དོན་གྲུབ་ཀྱིས་རུ་མི་ཚོར་ཞབས་བྲོའི་སྟངས་སྟབས་ལ་མཛུབ་ཁྲིད་བྱེད་བཞིན་པ།

    རྭ་སྒྲེང་ཆོས་བྲོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་བུད་མེད་འཁྲབ་སྟོན་པས་ཞབས་བྲོ་འཁྲབ་བཞིན་པ།

    རྭ་སྒྲེང་ཆོས་བྲོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་རོལ་མོ་དཀྲོལ་མཁན་གྱིས་གླིང་བུ་བཏང་ནས་ཞབས་བྲོར་རམ་འདེགས་བྱེད་པ།

    རྭ་སྒྲེང་ཆོས་བྲོ་2008ལོར་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་། 2021ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་ལྔ་པར་ཚུད་པ། ངག་དབང་དོན་གྲུབ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་ཡིག་ཐོག་སྙན་ཞུ་ཕུལ་བ་རེད།

    ཉེ་བའི་ལོ་ཤས་རིང་། ལྷུན་གྲུབ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཐུགས་ཁུར་དང་མཐོང་ཆེན་བྱས་པ་དང་རིམ་ཁག་དྲིལ་བསྒྲགས་དང་རིག་གནས་གཙོ་འགན་སྡེ་ཚན་གྱི་མཛུབ་ཁྲིད་འོག ལྷུན་གྲུབ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད་ཅིང་། མིག་སྔར་རྫོང་ཡོངས་སུ་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྣ་ཚོགས་32དང་རིམ་པ་ཁག་གི་རྒྱུན་འཛིན་པ་27ཡོད། དེའི་ཁྲོད་རྭ་སྒྲེང་ཆོས་བྲོར་མིག་སྔར་སྒྱུ་རྩལ་པ་རྒན་གྲས་2ཡོད་པ་དང་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་5གསོ་སྐྱོང་བྱས་ཡོད། རྭ་སྒྲེང་ཆོས་བྲོ་ལྷུན་གྲུབ་རྫོང་ཐང་མགོ་ཤང་བཅོམ་མདོ་གྲོང་ཚོའི་ཉེ་འཁོར་དུ་དར་ཁྱབ་བྱུང་བ་དང་། ཐང་མགོ་ཤང་བཅོམ་མདོ་གྲོང་ཨུད་ཀྱིས་རྭ་སྒྲེང་ཆོས་བྲོའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ངག་དབང་དོན་གྲུབ་ཀྱིས་རྭ་སྒྲེང་ཆོས་བྲོ་སློབ་ཁྲིད་ལས་དོན་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་གཞོན་ནུ་འཁྲབ་སྟོན་པ་60བཀོད་སྒྲིག་བྱས་པས། རྭ་སྒྲེང་ཆོས་བྲོའི་རིག་རྩལ་འཁྲབ་སྟོན་རུ་ཁག་རགས་ཙམ་གྲུབ་ཡོད། ལོ་ལྟར་དུས་སྟོན་དང་བྱེད་སྒོ་སྤེལ་སྐབས་རྭ་སྒྲེང་ཆོས་བྲོའི་འཁྲབ་སྟོན་བྱེད་ཀྱི་ཡོད།

    མིག་སྔར། ལྷུན་གྲུབ་རྫོང་ཐང་མགོ་ཤང་བཅོམ་མདོ་གྲོང་ཚོའི་ལོ་62ལ་སླེབས་པའི་ངག་དབང་དོན་གྲུབ་ནི་རྭ་སྒྲེང་ཆོས་བྲོའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་རེད། 1981ལོ་ནས་ཕ་མེས་དང་མཉམ་དུ་ཞབས་བྲོ་སྦྱོང་འགོ་བཙུགས་ཚུན། ངག་དབང་དོན་གྲུབ་ཀྱིས་རྭ་སྒྲེང་ཆོས་བྲོ་འཁྲབ་ནས་བགྲང་བྱ་40ལྷག་ཙམ་འདས་ཡོད། རྭ་སྒྲེང་ཆོས་བྲོ་རྒྱུན་འཛིན་དར་སྤེལ་གཏོང་བ་ནི་ངག་དབང་དོན་གྲུབ་ཁྱིམ་གྱི་མི་རབས་གསུམ་གྱི་ཕུགས་འདུན་རེད། ཁོང་གི་པཱ་ལགས་ཀྱིས་1980ལོ་དང་1981ལོར་རྭ་སྒྲེང་ཆོས་བྲོ་མྱུར་སྐྱོབ་སླར་གསོ་བྱས་ཡོད། ད་ལྟ་ངག་དབང་དོན་གྲུབ་ཀྱིས་རྒྱུན་འཛིན་གྱི་འགན་འཁྲི་འཁུར་བ་དང་རྭ་སྒྲེང་ཆོས་བྲོར་དགའ་ཞེན་ཡོད་པའི་ན་གཞོན་རུ་མི་གསོ་སྦྱོང་བྱས་ཡོད། མི་རྣམས་དགའ་འོས་པ་ཞིག་ནི་ཁོང་གི་བུ་དོན་གྲུབ་དང་བུ་མོ་ཚེ་དབང་གིས་ཀྱང་རྭ་སྒྲེང་ཆོས་བྲོར་ཧ་ཅང་དགའ་པོ་ཡོད།

    རྭ་སྒྲེང་ཆོས་བྲོ་དེ་འཁྲབ་གཞུང་ནས་སྒྱུ་རྩལ་ཧྲིལ་པོའི་བར་བོད་ཀྱི་གནའ་རབས་ཀྱི་དམིགས་བསལ་སྤྱི་ཚོགས་དང་། ལོ་རྒྱུས། མི་རིགས་སོགས་ལ་རྩད་ཞིབ་ཀྱི་རིན་ཐང་ཆེན་པོ་ལྡན་པ་དེ་ནི་ཐོབ་པར་དཀའ་བའི་ཤེས་བྱ་ཀུན་བཏུས་ཆེན་པོ་ཞིག་ལྟར་རེད།

    “ང་རང་ཆུང་དུས་སུ་མི་རྒན་པ་ཚོས་རྩྭ་ཐང་སྟེང་དུ་རྭ་སྒྲེང་ཆོས་བྲོ་འཁྲབ་དུས་སྟངས་སྟབས་སྙིང་རྗེ་པོ་ཡོད་པ་མཐོང་བྱུང་། ང་ཚོ་མི་རབས་རྗེས་མ་རྣམས་ཀྱིས་རྭ་སྒྲེང་ཆོས་བྲོར་རྒྱུས་མངའ་ཡོང་ཆེད་དེ་རྒྱུན་འཛིན་བྱེད་པའི་བསམ་བློ་ཞིག་ཡིད་ལ་འཁོར་བྱུང”ཞེས་ལོ་56ལ་སླེབས་པའི་འཛོམས་པས་རྭ་སྒྲེང་ཆོས་བྲོའི་འཁྲབ་སྟོན་སླར་གསོ་ཡོང་ཆེད། 2015ལོར་ལྷུན་གྲུབ་ཀྱི་ར་སྒྲེང་ཆོས་བྲོའི་བརྒྱུད་སྤེལ་ཚད་ཡོད་ཀུང་སི་བཙུགས་ནས་ཞབས་བྲོ་དེ་རྒྱུན་འཛིན་དང་སྲུང་སྐྱོང་ལས་ལ་གཞོལ།

    འཛོམས་པ་ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐྱེས། ཉེ་བའི་ལོ་ཤས་རིང་ཏང་དང་སྲིད་གཞུང་གི་རོགས་རམ་འོག ཁོང་གིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་ཏེ་འབྱོར་འབྲིང་གི་འཚོ་བར་རོལ་བཞིན་ཡོད།

    ཕྱུག་པོ་ཆགས་རྗེས་ཏང་གི་བཀའ་དྲིན་དང་ཡུལ་མི་སྤུན་ཟླ་བརྗེད་མེད། འཛོམས་པས་ཕ་ཡུལ་གྱི་དོན་དུ་ལས་དོན་སྒྲུབ་པའི་འདུན་པ་དྲག་པོ་བཅངས། ལྷུན་གྲུབ་རྫོང་གི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་འབའ་ཞིག་སྟེ་རྭ་སྒྲེང་ཆོས་བྲོའི་རྒྱུན་ཆད་ལ་ཉེ་བར་ཐུག་པ་ཤེས་རྗེས། མི་རིགས་ཀྱི་རིག་གནས་ཤུལ་བཞག་དེ་རྒྱུན་འཛིན་དང་སྲུང་སྐྱོང་ཡག་པོ་བྱས་ནས་རྭ་སྒྲེང་ཆོས་བྲོ་དུས་རབས་གསར་པར་འཕེལ་རྒྱས་སྔར་བས་ཡག་པོ་ཡོང་བར་བྱ་ཆེད། ཁོང་གིས་ཚོང་ལས་གཉེར་མཚམས་བཞག་ནས་རང་ཉིད་ཀྱིས་འགྲོ་སོང་བཏང་སྟེ། འབྲེལ་ཡོད་རིགས་གཅིག་མཁས་ཅན་གདན་དྲངས་ནས་བརྟག་དཔྱད་ཞིབ་འཇུག་དང་ཚོགས་པ་བཙུགས་ཏེ་དཔྱད་གཞིར་ལྟ་བཤེར་བྱས་པ་མ་ཟད། ད་དུང་གྲོང་ཚོ་དང་དུད་ཚང་ཁག་ཏུ་བསྐྱོད་དེ་དམངས་ཁྲོད་ཀྱི་སྒྱུ་རྩལ་པར་བཅར་འདྲི་དང་། འཁྲབ་སྟོན་པ་བསྡུ་བ། རྒྱུན་འཛིན་པ་གདན་ཞུ་སོགས་བྱས་ཏེ། རྭ་སྒྲེང་ཆོས་བྲོ་འཁྲབ་སྟོན་ཚོགས་པ་བསྐྱར་དུ་བཙུགས་ནས། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས།

    ད་ཆ། འཛོམས་པས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་། ཡུལ་སྐོར་ལ་བརྟེན་ནས་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་པ། དཔལ་འབྱོར་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་ལྟར་ལྷུན་གྲུབ་རྫོང་གི་སྲོལ་རྒྱུན་རིག་གནས་རྭ་སྒྲེང་ཆོས་བྲོའི་སྐད་གྲགས་ཆོད་ཚད་ཁྱོན་ཡོངས་ནས་ཆེ་རུ་གཏོང་ཆེད། ས་གནས་དེ་གའི་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལས་ཞུགས་ལས་གནས་མང་དུ་གཏོང་བ། ཞིང་འབྲོག་པའི་ལས་ཞུགས་རྩལ་ནུས་ཆེ་རུ་གཏོང་བ། ཞིང་འབྲོག་པའི་དངུལ་སྨར་ཡོང་འབབ་མང་དུ་གཏོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།

    ཁྱིམ་ཚང་སྐྱོ་པོ་ནས་ཕྱུག་པོ་ཆགས་པ་དང་། ཕྱུག་པོ་ཆགས་པ ་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་བར། འཛོམས་པའི་བྱ་སྤྱོད་དངོས་ལ་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད།

    ལྷུན་གྲུབ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྭ་སྒྲེང་ཆོས་བྲོ་སྲུང་སྐྱོང་དང་རྒྱུན་འཛིན་བྱ་ཆེད། ལྷུན་གྲུབ་རྫོང་སྲིད་གཞུང་གིས་ལོ་ལྔའི་སྲུང་སྐྱོང་འཆར་གཞི་བཟོས་པ་སྟེ། 2020ལོར་ཡིག་རིས་དཔྱད་གཞི་འཐུས་སྒོ་ཚང་དུ་བཏང་ནས་རྭ་སྒྲེང་ཆོས་བྲོའི་གྲངས་གཞིའི་ཡིག་ཚགས་ཆ་ཚང་བཟོས་པ་དང་། 2021ལོར་འོད་སྡེར་དང་པར་དེབ་བཏོན་ནས་དྲིལ་བསྒྲགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། 2022ལོར་རྭ་སྒྲེང་ཆོས་བྲོའི་རིག་རྩལ་འཁྲབ་སྟོན་རུ་ཁག་ཚད་ལྡན་དུ་བཏང་བ་དང་འཁྲབ་ཆས་ཉོས་ཏེ་རྭ་སྒྲེང་ཆོས་བྲོ་ཉམས་གསོ་དང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱས་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱས་པ། 2023ལོར་གསོ་སྦྱོང་བྱེད་ཤུགས་ཆེར་གཏོང་དང་འཁྲབ་སྟོན་སྒྲིག་འཛུགས་བྱས་ནས་རྭ་སྒྲེང་ཆོས་བྲོ་རྒྱུན་འཛིན་བྱེད་མཁན་ཡོད་པར་བྱས་པ། 2024ལོར་རྭ་སྒྲེང་ཆོས་བྲོ་རིག་གནས་མང་ཚོགས་སྒྱུ་རྩལ་ཁང་འཛུགས་རྒྱུ་མ་ཟད། ཕྱོགས་ཡོངས་སུ་ཁྱབ་གདལ་བཏང་ནས་སྒྱུ་རྩལ་གསར་རྩོམ་གྱི་ཁོར་ཡུག་བསྐྲུན་རྒྱུ་བཅས་རེད། གཞན་ཡང་། དམངས་ཁྲོད་སྟོབས་ཤུགས་ཀྱིས་ཀྱང་རྭ་སྒྲེང་ཆོས་བྲོ་རྒྱུན་འཛིན་བྱ་ཆེད་ལས་དོན་མང་པོ་བསྒྲུབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།