ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འདུ་འགོད་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།
རིག་གནས་ལ་བརྟེན་མི་སེམས་གཅིག་ཏུ་བསྒྲིལ། བླ་སྲོག་བཏོད་ནས་མཐུན་སྒྲིལ་རྩ་བར་བཟུང་།
འདི་ལོ་ཚུན་ལྷ་ས་གྲོང་ཁྱེར་གྱིས་མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་གཙོ་རྐང་དུ་མཐའ་འཁྱོངས་བཟུང་ནས། ལྷག་བསམ་རྣམ་དག་གིས་མི་རིགས་ཁག་དབར་གྱི་འགྲོ་འོང་རྒྱ་ཁྱབ་དང་། ཁྱོན་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་བཏང་བས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།
རྨང་གཞི་བརྟན་དུ་བཏང་ནས་ཁྱད་ལྡན་རིག་གནས་འཕེལ་རྒྱས་བཏང་བ།
ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་མཉམ་ལས་བྱས་ཏེ་ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་སྔོག་འདོན་གཏིང་ཟབ་བྱས་ནས། ལྷ་ས་ཆུ་གོང་རིག་གནས་གནའ་ཤུལ་གྱི་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། “འབྲས་སྤུངས་དགོན་གྱི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་འགྲེམས་ཁང”གྲབས་འཛུཌ་བྱས་པ། གསར་བརྗེའི་སློབ་གསོའི་རྟེན་གཞི་19ལ་ལྟ་སྐོར་དང་རྟོག་ཞིབ་སྤེལ་རེས་ཐེངས་83སྤེལ་བར་མི་ཁྲི་7ཙམ་ཞུགས་ཡོད། ཁྱད་ལྡན་སྲོལ་རྒྱུན་རིག་གནས་རྨང་གཞིར་བྱས་ནས་འཁྲབ་ཚན་ཟློས་གར《ཞིང་རའི་བརྩེ་སེམས》དང་། དངོས་མཚོན་པར་གཞི《ལྷ་སའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་ངག་ཐོག་དངོས་བྲིས》 རྩོམ་རིག་བརྩམས་ཆོས《གངས་ལྗོངས་ཀྱི་མཛད་རྗེས་རྡོ་རིང》 བོད་སྐྱོར་གར་སྟེགས་ཟློས་གར《བོད་སྐྱོར་གྱི་བརྩེ་སེམས་ཟབ་མོ》སོགས་གསར་རྩོམ་བྱས་པ་དང་རྫོང(ཆུས)སྒྱུ་རྩལ་ཚོཌ་པ་དང་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་མི་རིགས་མཐུན་སྒྲིལ་བརྗོད་དོན་གཙོ་བོར་བྱས་པའི་བརྩམས་ཆོས་8གསར་རྩོམ་བྱས་པ། གྲོང་ཁྱེར་ཡོངས་ཀྱི་རིག་རྩལ་ཚོགས་པས་རིམ་རྩིས་བྱས་ན་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་རིག་རྩལ་བརྩམས་ཆོས་200ལྷག་ཙམ་གསར་རྩོམ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་གི་ལྟ་བ་སྔར་བས་དར་སྤེལ་བཏང་ཡོད། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་འབྲེལ་ཐག་དང་འབྲེལ་ཟམ་དུ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་སྟོན་ཕྱོགས་སུ་བྱེད་པ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། ནན་ཅིང་དུ་དར་རྒྱས་ཆེ་བའི་ཀྲུང་གོ·བདེ་སྐྱིད་ལྡན་པའི་བོད་ལྗོངས་ཞེས་པའི་ལྷ་སའི2023ལོའི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ལོ་གསར་གྱི་རོལ་དབྱངས་འདུ་ཚོགས་དང་བོད་ཆུ་ཡོས་ལོའི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་འདུ་ཚོགས་གཉེར་བ་དང་། རྒྱལ་ཁབ་ཟློས་གར་ཁང་དུ་གངས་ལྗོངས་དང་པེ་ཅིང་སྦྲེལ་ཞེས་པའི་ཞབས་བྲོ་ཆེད་དོན་འཁྲབ་སྟོན་བྱས་ནས་མི་རིཌ་ཁག་གི་རིག་གནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་སྐུལ་འདེད་བཏང་ཡོད།
སྟོབས་ཤུགས་གཅིག་སྒྲིལ་གྱིས་ཕྱོགས་གཉིས་ཀྱི་སྤེལ་རེས་ཡག་པོ་བྱས་པ།
འདི་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཕྱི་ནང་དུ་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཐེངས་20འཚོགས་ནས་བོད་དུ་ཡུལ་སྐོར་དུ་ཡོང་མཁན་མི་ཐེངས་ཁྲི་1400ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་དང་གཡག་རྔ་གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་ཅུས་དབར《ལྷ་ས་ནས་གཡག་རྔ་བར་གྱི་མི་རིགས་མཐུན་སྒྲིལ་གྱི་ས་ཁོངས་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་པ། ཡུན་ནན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་སོགས་ཚན་པ་དང་མཉམ་དུ“ཇ་རྟའི་གནའ་ལམ་གྱི་བྱ་སྤྱོད·ཡུན་བོད་ཁྱིམ་ཚང་གཅིག་ལྟར་བརྩེ”བའི་ཧྥུའུ་ཉུང་བདེ་ཐང་ཇ་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ། “གཞོན་ནུ་མཐའ་མཚམས་སུ་སྐྱོད་པའི་སྐབས་གཉིས་པའི་རིམ་སྤེལ་བྱེད་སྒོ མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ·ཀོང་ཏུང་དང་ཐའེ་དབན་གྱི་གཞོན་ནུ་བོད་ལྗོངས་སུ་སྐྱོད་པའི”བྱེད་སྒོ་ལྷ་སར་བདེ་བླག་ངང་སྤེལ་བ། བོད་སྐྱོར་གྱི་ལེགས་ཆ་གང་ལེགས་བཏོན་ནས་ལྗོངས་ཕྱིར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་འབྲེལ་གཏུག་ས་ཚིགས་བཙུགས་ཏེ་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་ཁྲི་1.2ལྷག་ཙམ་བཏོད་པ་དང་ཞིང་ཆེན་སྒྲོལ་བའི“ཚོགས་སྒྲིག་རྣམ་པའི”ལས་ཞུགས་ལ་ཕྱོགས་མང་པོ་ནས་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ལས་ཁུངས་ཀྱི་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་སོགས་མི་1425སྒྲིག་འཛུགས་བྱས་ནས་མེས་རྒྱལ་གྱི་ས་གནས་ཁག་ཏུ་ལྟ་སྐོར་རྟོག་ཞིབ་དང་གསོ་སྦྱོང་སློབ་སྦྱོང་བྱེད་པར་བཏང་བ་དང་། ཅང་སུའུ་ཞིང་ཆེན་དང་པེ་ཅིང་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་4947བཏང་ནས་རིག་སྟོབས་རོགས་སྐྱོར་དང་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་ཀྱི་རྣམ་གྲངས་27གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད།
དྲ་ཐོག་དྲིལ་བསྒྲགས་ལ་ཤུགས་གནད་སྨིན་བརྒྱབ་པ།
མི་རིང་བའི་གོང་ལྷ་ས་གྲོང་ཁྱེར་གྱི“དྲ་རྒོད་ལྷ་སར་ལྟ་བ།·མི་རིགས་མཐུན་སྒྲིལ”གྱི་དཔེ་སྟོན་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་མལ་གྲོ་གུང་དཀར་རྫོང་དུ་འཚོགས་པ་རེད། དྲ་རྒོད་ཀྱི་འཐུས་མིས་མལ་གྲོ་གུང་དཀར་རྫོང་དུ་བརྙན་ཐུང་པར་རྒྱག་དང་ཐད་གཏོང་སོགས་བྱས་ཏེ། མལ་གྲོ་གུང་དཀར་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་དང་། གོང་འོག་སེམས་མཐུན། མདུན་སྐྱོད་ཧུར་ཐག་བཅས་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱས་པ་རེད།
ལྷ་ས་གྲོང་ཁྱེར་གྱིས་སྔ་ཕྱི་བར་གསུམ་དུ་དྲ་རྒྱའི་དྲིལ་བསྒྲགས་ལས་སྟེགས་ཧུར་ཐག་སྤྱད་དེ་དྲང་ཕྱོགས་ཀྱི་ཁྲིད་སྟོན་མཐའ་འཁྱོངས་དང་སྤྱི་ཚོགས་ཀྱི་དྲང་ནུས་དར་སྤེལ་བཏང་སྟེ། སྨྱན་སྦྱོར་གསར་པའི་བརྒྱུད་བསྒྲགས་ཀྱི་དཔུང་ཁག་བཏོད་པ་དང་། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”དང“རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་ཡུལ”སོགས་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱས་པ། བརྙན་འཕྲིན་དང་། ཚགས་པར། རླུང་འཕྲིན། སྐད་འཕྲིན་སོགས་ཀྱི་ལས་སྟེགས་བརྒྱུད་མི་རིགས་མཐུན་སྒྲིལ་ལས་དོན་གྱི་དཔེ་མཚོན་བཅར་འདྲི་དང་འཕྲིན་སྤེལ་གཏིང་ཟབ་བྱས་པ། སྨྱན་སྦྱོར་མཉམ་འདྲེས་ཀྱི་དྲིལ་བསྒྲགས་པར་གཞི《ང་ཚོའི་ལྷ་ས》བཏོན་པ། དྲ་ཐོག་རིག་གནས་ཐད་གཏོང་བྱེད་སྒོ་ཐེངས་9སྤེལ་བར་མི་ཐེངས་ཁྲི་1560ཡིས་བལྟས་པ་དང་མི་ཐེངས་ཁྲི་85ཡིས་མོས་བསྟོད་བྱས་ཡོད།