དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཡུལ་སྐོར་ལས་རིགས་དེ་བས་སྟོབས་ཆེ་དང་སྤུས་ལེགས་ཡོང་བར་བྱས་པ།

    —— རང་ལྗོངས་ཀྱིས་ཡུལ་སྐོར་ལས་རིགས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་སྐུལ་འདེད་ཧུར་ཐག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-04

    འདི་ནི་ཡུལ་སྐོར་བ་དང་གྲོང་མི་ཚོས་ཆུ་ཤུར་རྫོང་འཇུན་པ་གྲོང་ཚོར་ཀོ་གྲུར་བསྡད་ནས་ས་གནས་དེ་གའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཉམས་སུ་མྱོང་བཞིན་པ།

    འདི་ལོ་ནས་བཟུང་། རང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་ཡུལ་སྐོར་ལས་རིགས་སླར་གསོ་ཡོང་བའི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་ཡུལ་སྐོར་ལས་རིགས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་སྐུལ་འདེད་བཏང་ཡོད། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པ”དང་ས་གནས་འདི་གར་ཡུལ་སྐོར་བྱེད་པའི་འཛད་སྤྱོད་འཛིན་ཤོག་སོགས་གཟིགས་སྐྱོང་གི་བྲིན་ཚོང་སྲིད་ཇུས་སྐུལ་སྤེལ་བཏང་བས་རང་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་སླར་གསོ་མྱུར་པོ་བྱུང་ཡོད།

    གྲངས་གཞི་ལས་མངོན་པར་གཞིགས་ན། རིམ་རྩིས་བྱས་ན། འདི་ལོའི་དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་255ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་39.6%འཕར་བ་དང་། ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་20.3ཟིན་ནས་42.9%འཕར་ཡོད། “ལྔ་གཅིག”རིང་། རིམ་རྩིས་བྱས་ན་རང་ལྗོངས་སུ་ཡུལ་སྐོར་དུ་ཡོང་མཁན་དེ་བས་མང་དུ་ཕྱིན་ནས་ལྗོངས་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་116.77ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་73.25%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་8.48ཟིན་པ་དེ་དུས་མཚུངས་ལས་61.52%འཕར་ཡོད།

    1ལུས་རྩལ་ཡུལ་སྐོར་དེ་བས་འཕེལ་རྒྱས་བཏང་བ།

    “ནོར་སྟོད་རི་རྩེར་བདེ་བླག་འཛེགས་ཐུབ་པས་ང་ཧ་ཅང་དགའ་པོ་བྱུང”ཞེས་པེ་ཅིང་ནས་ཡོང་བའི་རི་འཛེག་ལ་དགའ་པོ་ཡོད་མཁན་ཀྲུའུ་ཡན་གྱིས་རི་རྩེར་ཨང་དང་པོ་འཛེགས་ནས་དེ་ལྟར་བཤད། དེ་ནི་ཁོང་གི་མི་ཚེའི་ནང་འཛེགས་མྱོང་བའི་གངས་རི་དང་པོ་དེ་རེད།

    ཟླ་5ཚེས་1ནས་ཚེས་3ཉིན་བར། 2023ལོའི་ཀྲུང་གོའི་བོད་ལྗོངས་རི་འཛེག་ཚོགས་ཆེན་སྐབས་ཉི་ཤུ་པའི་བྱེད་སྒོ་རབ་དང་རིམ་པའི་ནོར་སྟོད་རི་འཛེག་གི་ཉེན་དཔྱད་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་དུ་སྤེལ་ཞིང་། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་རི་འཛེག་ཉེན་དཔྱད་ལ་དགའ་པོ་བྱེད་མཁན་དང་ཡུལ་སྐོར་བ་50ལྷག་ཙམ་གྱིས་ནོར་སྟོད་རི་རྩེར་འཛེགས་པ་དང་། མི་43རི་རྩེར་འཛེགས་ཐུབ་ཡོད།

    ཟླ་5ཚེས་19ཉིན་ནི“ཀྲུང་གོའི་ཡུལ་སྐོར་ཉིན་མོ”རེད། ཉིན་དེར་2023ལོའི“ཀྲུང་གོའི་ཡུལ་སྐོར་ཉིན་མོའི”བོད་ལྗོངས་ཡན་ལག་ཚོགས་རའི་བྱེད་སྒོ་དེ་ཆུ་ཤུར་རྫོང་འཇུན་པ་གྲོང་ཚོར་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ“G349·གསར་བརྗེའི་ཡུལ་སྐོར”དང“ཆེས་མཛེས་པའི་གནམ་མཚོ་བསྐོར་བ” “ལྷ་ས་གྲོང་ཁྱེར་བསྐོར་བ”“མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར” “ཆུ་ཤུར་རྫོང་གི་ཡུལ་སྐོར་ལམ་ཐིག་རྩེ་གྲ”བཅས་ལམ་ཐིག་རྩེ་གྲ་5ཁྱབ་བསྒྲགས་བྱས་ནས། “ཡུལ་སྐོར་དང་ལུས་རྩལ་ཟུང་དུ་འབྲེལ་བའི”ཁྱད་ལྡན་ཡུལ་སྐོར་ཐོན་རྫས་མྱོང་རོལ་གྱི་བྱེད་སྒོ་སྤེལ་ཏེ། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།

    ལྷ་སར་ལས་ཀ་བྱེད་མཁན་ཐེན་ཡིའུ་ཀང་གིས་གཟའ་མཇུག་གི་དུས་ཚོད་སྤྱད་དེ་ཁྱིམ་མི་དང་མཉམ་དུ་འཇུན་པ་གྲོང་ཚོར་ཀོ་གྲུ་གཏོང་བར་ཡོང་ཞིང་། ཁོང་གིས“ཕྲུ་གུ་ཚོ་རྩེད་མོར་གཡེངས་ནས་ཧ་ཅང་སྐྱིད་པོ་བྱུང་སོང་། ལྷ་སའི་ཉེ་འཁོར་དུ་ཡུལ་སྐོར་རྣམ་གྲངས་དང་ཐོན་རྫས་དེ་བས་མང་པོ་བཏོན་ནས་ཕྲུ་གུ་ཚོ་རང་བྱུང་ཁམས་ལ་རོལ་བའི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུའི་རེ་བ་ཡོད”ཅེས་བཤད།

    2གསར་བརྗེའི་ཡུལ་སྐོར་དེ་བས་འཕེལ་རྒྱས་བཏང་བ།

    ཉེ་བའི་ལོ་ཤས་རིང་། གསར་བརྗེའི་ཡུལ་སྐོར་མུ་མཐུད་འཕེལ་རྒྱས་ཕྱིན་ནས་རང་ལྗོངས་ཀྱིས་གསར་བརྗེའི་ཡུལ་སྐོར་དེ་གསར་བརྗེའི་བསམ་བློ་སྐྱེད་སྲིང་་དང་། བདེ་ཐང་གི་བསམ་པའི་འཇིག་རྟེན་སྐྲུན་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། མི་རིགས་ཀྱི་སྙིང་སྟོབས་འཕེལ་བ་བཅས་ཀྱི་གཡུལ་ས་གལ་ཆེན་ཞིག་ཏུ་བཏོད་ནས། གསར་བརྗེའི་དར་ཆ་མཐོན་པོར་སྒྲེང་བ་དང་། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་གཏོང་བ། གསར་བརྗེའི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས། གསར་བརྗེའི་ཡུལ་སྐོར་དེ་མཐའ་འཁོར་གྱི་གྲོང་གསེབ་དང་། སྐྱེ་ཁམས། ལུས་གསོ་སོགས་ཀྱི་ཡུལ་སྐོར་དང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ། གསར་བརྗེའི་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་དང་ཤུགས་རྐྱེན་ཐེབས་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་བ་བརྒྱུད། རང་ལྗོངས་ཀྱི་ཡུལ་སྐོར་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

    སྤྱི་ལེ་10065ཡོད་པའི་རྒྱལ་ལམ་219ཡི་ལམ་ཐིག་ནི་ལམ་ཐག་རིང་ཤོས་དང་། ཡུལ་ལྗོངས་མཛེས་ཤོས། ཆ་སྙོམས་ས་བབ་མཐོ་ཤོས་བཅས་ཀྱི་ཀྲུང་གོའི་མཐའ་མཚམས་ལམ་རྒྱུད་ཀྱི་བགྲོད་ལམ་ཆེན་པོ་ཞིག་རེད། དེའི་ཁོངས་སུ་ས་མཐོའི་ཁྱད་ལྡན་མཛེས་ལྗོངས་ལྡན་པའི་རྒྱལ་ལམ་219ཡི་བོད་ལྗོངས་དུམ་བུ་ཚུད་ཡོད་པ་མ་ཟད། དེ་ནི་ལམ་ཐིག་དེའི་ལམ་དུམ་རྩེ་གྲ་ཞིག་ཀྱང་རེད། ལམ་རྒྱུད་དུ་གངས་རིའི་མུ་ཁྱུད་འབྲེལ་བ་དང་། འཁྱགས་ཀླུང་གིས་ཁེངས་པ། ཆུ་ཕྲན་གྱ་གྱུར་རྒྱུ་བ། ནགས་ཚལ་སྟུག་ལ་རྩྭ་ཐང་ཡངས་པ། མཚོ་དང་མཚེའུ་མཛེས་པ་བཅས་ཡོད་པ་མ་ཟད། རང་ལྗོངས་ཀྱི་གསར་བརྗེའི་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་དུས་མཚམས་ཁག་གི་གསར་བརྗེའི་དྲན་ཤེས་ཡོད་ཚད་མྱོང་རོལ་བྱེད་ཐུབ།

    གསར་བརྗེའི་ས་བོན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དོན་འཁྱོལ་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོན་ལས་ཀྱི་མཐའ་སྟོབས་མཐའ་བརྟན་གྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ། གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་ལྟར་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)གཏིང་ཟབ་བཏོད་དེ་མཐའ་མཚམས་མཐིལ་དུ་ཡུལ་སྐོར་བྱེད་རྒྱུ་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ལམ་219ཡི་གསར་བརྗེའི“མཐའ་མཚམས་སུ་སྐྱོད་པའི”ཡུལ་སྐོར་ལམ་ཐིག་ཇུས་འགོད་ཞིབ་ཚགས་བྱས་ཡོད།

    3གྲོང་གསེབ་ཀྱི་ཡུལ་སྐོར་དེ་བས་འཕེལ་རྒྱས་བཏང་བ།

    འདི་ལོ་ནས་བཟུང་། རང་ལྗོངས་ཀྱི་ཡུལ་སྐོར་རིག་གནས་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ“རྫོང་རེ་ལ་ཐོན་རྫས་རེ་དང་ཁྱད་ཆོས་རེ་ཡོད་པ་དང་རྫོང་དང་རྫོང་དབར་གྱི་ཡུལ་ལྗོངས་མི་འདྲ་བ་ཡོད་པར་བྱེད་པའི”བསམ་ཕྱོགས་མཐའ་འཁྱོངས་ལ་དམིགས་ཏེ། ས་ཁོངས་ཀྱི་ཁྱད་ཆོས་དང་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྱི་རྫོང་གྲགས་ཅན་བསྐྲུན་ནས་སྤུས་ལེགས་སྒར་ས་དེ་བས་མང་བ་བཏོད་ཐོག རང་ལྗོངས་ཀྱི་ཁྱད་ལྡན་ཡུལ་སྐོར“གླིང་ཁ་གཏོང་རྒྱུ”དེ་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ཡོང་བར་སྐུལ་འདེད་བཏང་ནས། ཡུལ་སྐོར་ཐོན་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཟམ་མི་ཆད་པར་ཟབ་ཏུ་དང་ཁྲོམ་ར་ཅན་དུ་འགྱུར་ཚད་མཐོ་རུ་བཏང་བས། ཐོན་ལས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ཡོད།

    ཞོགས་པར། ལྷ་ས་གྲོང་ཁུལ་དང་བར་ཐག་སྤྱི་ལེ་18ཆོད་པའི་སྟག་གདོང་གྲོང་ཚོར་བྱིའུ་ཆུང་འཇོལ་མོའི་སྐད་སྙན་སྒྲོག་པ་དང་དུ་བ་ལང་ལོང་དུ་འཕྱུར་བཞིན་ཡོད་པས་གཞན་དང་མི་འདྲ་བའི་མྱོང་ཚོར་ཞིག་སྦྱིན། ལྷ་སར་ལས་ཀ་བྱེད་མཁན་ཞའོ་ལིས་གཟའ་མཇུག་ལ་གྲོགས་པོ་གསུམ་བཞི་ཙམ་བོས་ཏེ་དེར་ཡོང་ནས་རང་བྱུང་ཁམས་ལ་རོལ་བའི་འགོ་ཚུགས།

    གནས་སྟོད་འཁྱགས་རོམ་ནི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁོངས་སུ་གནས། སྤོ་བོ་རྫོང་གིས་འཁྱགས་རོམ་ཡུལ་སྐོར་ལམ་ཐིག་ཧུར་ཐག་བཏོད་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད། ཁོར་ཡུག་སྲུང་སྐྱོང་གི་བྱེད་ཐབས་ནན་པོ་མཐའ་འཁྱོངས་བྱས་ཏེ། ཡུལ་སྐོར་བ་དེ་བས་མང་བས་འཁྱགས་རོམ་གྱི་མཛེས་ལྗོངས་མྱོང་རོལ་ཐུབ་པ་དང་སྐྱེ་ཁམས་ཡུལ་སྐོར་ཁྲོད་ནས་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པར་བྱས་པ་དེས“འཁྱགས་རོམ་གྱི་མཛེས་ལྗོངས”སྲུང་སྐྱོང་ཐུབ་པ་མ་ཟད། ད་དུང“མི་སེར་ཕྱུག་པོའང”ཆགས་ཤིང་། 2022ལོར། རིམ་རྩིས་བྱས་ན་སྤོ་བོ་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་127.86ལ་སྣེ་ལེན་ཞུས་པར་འབྲེལ་ཡོད་ཡོང་འབབ་སྒོར་དུང་ཕྱུར་7.63བྱུང་ཡོད།

    “ཁྲོན་བོད་གཞུང་ལམ་གྱི་ལམ་སྣེ་རྡོག་པས་མ་བསྣན་གོང་། གནས་སྟོད་འཁྱགས་རོམ་ཧ་ཅང་མཛེས་པོ་ཡོད་པ་ཤེས་བྱུང་། རང་ཉིད་དངོས་སུ་གནས་སྟོད་འཁྱགས་རོམ་གྱི་འདབས་སུ་སླེབས་སྐབས་ཡིད་ལ་འཁོར་བ་ལས་ཀྱང་ཧ་ཅང་མཛེས་པས་ཡོང་རིན་ཆོག་པ་ཞིག་འདུག”ཅེས་རྐང་འཁོར་བཞོན་རྒྱུར་དགའ་བའི་ཨ་པིན་གྱིས་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།