དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཇོན་ཐང་ཡོད་ཚད་བཏོན་ནས་མཛེས་སྡུག་ས་མཐོ་བཏོད།

    —— མངའ་རིས་ས་ཁུལ་ནགས་ལས་རྩྭ་ཐང་ཅུས་ཀྱི་དཀོན་མཆོག་རྒྱལ་རྣམ་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-04

    “བྱེ་འགྱུར་ས་ཞིང་བཅོས་སྒྲིག་ནི་དུས་ཡུན་རིང་ལ་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པས། ངས་སློབ་སྦྱོང་ཧུར་ཐག་བྱས་ཏེ་སྦྱངས་པའི་ཤེས་བྱ་རང་འཁྲིའི་ལས་ཀར་སྤྱད་ནས་མངའ་རིས་ཀྱི་སྐྱེ་ཁམས་ཤེས་དཔལ་སྲོལ་གཏོད་ལ་རང་ཉིད་ཀྱི་ནུས་པ་ཕྲན་བུ་འདོན་གྱི་ཡིན”ཞེས་མངའ་རིས་ས་ཁུལ་ནགས་ལས་རྩྭ་ཐང་ཅུས་ཀྱི་དཀོན་མཆོག་རྒྱལ་རྣམ་གྱིས་བཤད་པ་དང་། ཁོང་གིས་སྔ་ཕྱི་བར་གསུམ་དུ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རང་ཉིད་ཀྱི་དམ་བཅའ་ལག་ལེན་བསྟར་དང་བསྟར་མུས་རེད།

    2016ལོར་སློབ་གྲྭ་ཐོན་པའི་དཀོན་མཆོག་རྒྱལ་རྣམ་མངའ་རིས་ས་ཁུལ་ནགས་ལས་རྩྭ་ཐང་ཅུས་སུ་ལས་བགོས་བརྒྱབ།

    དང་ཐོག་ལས་ཀར་ཞུགས་སྐབས་ལས་ཀའི་བླང་བྱ་དང་གང་མགྱོགས་འཚམ་པར་བྱ་ཆེད། དཀོན་མཆོག་རྒྱལ་རྣམ་གྱིས་ཕྱོགས་གཅིག་ནས་དཀའ་སྤྱད་འབད་བརྩོན་གྱིས་ནགས་ལས་ལས་སྒོའི་ཤེས་བྱར་བརྩོན་ཞིབ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ནགས་བཟོ་བྱེ་འགོག་གི་འཐབ་ས་དང་པོར་བསྐྱོད་དེ་བརྟག་ཞིབ་བྱས་པ་རེད། དེ་དང་ཆབས་ཅིག་དཀོན་མཆོག་རྒྱལ་རྣམ་གྱིས་ས་ཆ་གཞན་དུ་གཞུང་དོན་སྒྲུབ་པར་སྐྱོད་པའི་གོ་སྐབས་སྤྱད་དེ་ས་གནས་དེ་གའི་བྱེ་འགྱུར་འགོག་བཅོས་དང་ནགས་བཟོའི་ལས་དོན་གྱི་ཉམས་མྱོང་སློབ་སྦྱོང་ཧུར་ཐག་བྱེད་པ་དང་ལྗོངས་ཡོངས་ཀྱི་ནགས་བཟོའི་ལས་དོན་གྱི་གསོ་སྦྱོང་ནང་ཧུར་ཐག་ཞུགས་ཏེ། དུས་ཐུང་ནང་མངའ་རིས་ས་ཁུལ་གྱི་རང་བྱུང་ནགས་ཚལ་དང་མིས་བཟོས་ནགས་ཚལ་གྱི་གཞི་རྩའི་གནས་ཚུལ་ཁོང་དུ་ཆུད་པར་བྱས་པ་དང་། བྱེ་འགྱུར་ས་ཞིང་གི་ད་ཡོད་གནས་ཚུལ་དང་བཅོས་སྒྲིག་བྱེད་སྟངས་ཤེས་རྟོགས་བྱས་པ། སྐྱེ་ཁམས་ནགས་སྲུང་བ་དང་། སྤྱི་ཕན་ནགས་ཚལ་བདག་སྐྱོང་བ། བྱེ་འགྱུར་ས་ཞིང་བཀག་སྡོམ་དོ་དམ་པ་བཅས་ཀྱི་ཞིབ་ཕྲའི་ཆ་འཕྲིན་བསྡུ་རུབ་བྱས་པ་མ་ཟད། ནགས་བཟོ་བྱེ་བཅོས་ཀྱི་རྣམ་གྲངས་ཁག་གི་དོ་དམ་དང་སྒྲུབ་གཉེར་གྱི་སྦྲེལ་མཐུད་ལས་དོན་ནང་ཞུགས་ནས་བྱེ་འགྱུར་ས་ཞིང་བཅོས་སྒྲིག་སོགས་ཐད་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་པ་རེད།

    “ངས་རང་གིས་རང་ལ་རེ་བ་ནན་པོ་བཅོལ་ནས་རྒན་རབས་པ་དང་དེ་བཞིན་འགོ་ཁྲིད་ཚོར་ཁེངས་སྐྱུང་ངང་སློབ་སྦྱོང་བྱེད་པ་དང་དུས་ཡུན་རིང་པོ་འཐབ་ས་དང་པོར་བསྐྱོད་ཚེ། གཞི་ནས་ནགས་བཟོ་བྱེ་འགོག་གི་འབྲེལ་ཡོད་ཤེས་བྱ་དང་ལག་རྩལ་མགྱོགས་མྱུར་ཁོང་དུ་ཆུད་ཐུབ་པ་དང་། གཞི་ནས་མངའ་རིས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་ཐུབ”ཅེས་དཀོན་མཆོག་རྒྱལ་རྣམ་གྱིས་བཤད།

    2016ལོ་ནས་ད་བར་དཀོན་མཆོག་རྒྱལ་རྣམ་གྱིས་བྱེ་འགོག་བྱེ་བཅོས་ལས་དོན་ཏན་ཏིག་སྤེལ་ཏེ་བྱེ་ཞིང་མུའུ་ཁྲི་29ལྷག་ཙམ་འགོག་གསོ་བྱས་པ་དང་། བྱེ་ཐང་མུའུ་ཁྲི་0.2ལྷག་ཙམ་རྡོ་ཧྲུག་གིས་མནན་པ། རྩྭ་ར་གྲུ་བཞི་མུའུ་ཁྲི་1.1ལྷག་ཙམ་བཏབ་པ་མ་ཟད། ལས་གྲྭ་ཁག་གི་ནགས་བཟོ་དང་འོས་འགན་ཤིང་འཛུགས་ནང་ཧུར་ཐག་ཞུགས་ཏེ་མུའུ་ཁྲི་3ལྷག་ཙམ་གྱི་ནགས་བཟོའི་ལས་འགན་ཡང་ལེགས་སྒྲུབ་བྱས་པ་རེད།

    སྡོང་ཕྲུག་བཏབ་ཚད་གསོན་ཐུབ་པ་བྱ་ཆེད། སྡོང་ཕྲུག་འདེབས་པའི་བརྒྱུད་རིམ་ནང་དཀོན་མཆོག་རྒྱལ་རྣམ་གྱིས་སྦྱངས་པའི་ཆེད་ལས་ཤེས་བྱ་སྤྱད་དེ་མྱུ་གུ་གསོ་བ་དང་ནགས་བཟོའི་ལག་རྩལ་དང་དེ་བཞིན་ས་ཆ་འདེམས་པ་དང་། སྡོང་ཕྲུག་འདེམས་པ། ཆུ་ཡུར་ཇུས་འགོད། རྗེས་མཐུད་བདག་སྐྱོང་སོགས་ལ་ཚན་རིག་དང་མཐུན་པའི་བསམ་འཆར་དང་གྲོས་འགོ་བཏོན་ནས་མངའ་རིས་ས་ཁུལ་གྱི་མིས་བཟོས་ནགས་ཚལ་ཧྲིལ་པོ་གསོན་ཚད་དང་ཉར་ཚགས་ཐུབ་ཚད་སྔར་བས་མཐོ་རུ་བཏང་བ་རེད།

    དེ་དང་དུས་མཚུངས། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་འབྲེལ་ཡོད་ལས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། དཀོན་མཆོག་རྒྱལ་རྣམ་གྱིས་སྣེ་ཁྲིད་དེ《མངའ་རིས་ས་ཁུལ་གྱིས་ཤིང་འཛུགས་ནགས་བཟོ་ནུས་ལྡན་བྱས་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་ལ་སྐུལ་འདེད་གཏོང་བའི་ལས་བགོས་ཇུས་གཞི》དང《ལྟ་ཞིབ་ཇུས་གཞི》འཆར་ཟིན་བཀོད་པ་དང་འབྲེལ། ཅུས་ཏང་རྩ་འཛུགས་ལ་གཞོགས་འདེགས་བྱས་ཏེ་མངའ་རིས་ས་ཁུལ་གྱི་འབྲེལ་ཡོད་གྲོང་ཚོ་དང་གྲོང་ལྷན་ལ་བརྟག་ཞིབ་ཧུར་ཐག་གིས་གཞི་གྲངས་མཐིལ་རྟོགས་བྱས་ནས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་རེད། 2018ལོའི་ལོ་མཇུག་བར་ས་ཁུལ་ཡོངས་ཀྱི་ས་བབ་མཐོ་ཚད་སྨི་4300མན་གྱི་ལྗོན་ཤིང་མེད་པའི་གྲོང་ཚོ་8དང་ལྗོན་ཤིང་མེད་པའི་དུད་ཚང་663ཚང་མར་ཤིང་འཛུགས་པའི་དམིགས་ཚད་ལེགས་སྒྲུབ་བྱུང་ནས་ལྕང་སྐྱ་དང་། གླ་ཚེར། ཤུག་སྡོང་སོགས་བོད་རང་གི་ཤིང་སོན་རྐང་11120བཏབ་པ་རེད།

    ད་ཆ་བྱེ་འགྱུར་ས་ཞིང་བཅོས་སྒྲིག་གི་ལས་དོན་སྔར་བཞིན་སྤེལ་བཞིན་པ་དང་། དཀོན་མཆོག་རྒྱལ་རྣམ་གྱིས་སྔར་བཞིན་ཁོང་གི་སྔོ་འགྱུར་གྱི་འཇོན་ཐང་བཏོན་ནས་སྤྱིར་བཏང་གི་ལས་གནས་ཐོག་རང་ཉིད་ཀྱི་སྟོབས་ཤུགས་ཧུར་ཐག་བཏོན་ཏེ་བོད་ནུབ་ས་མཐོར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྔོ་ལྗང་གི་རྣམ་པ་ཞིག་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།