ལོ་སྟོད་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ལེགས་འཕེལ་བྱུང་བ།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1069.60ཟིན་པ།
ཚེས་26ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་2023ལོའི་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བྱ་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། གསར་འགོད་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་རྣམ་ཅན་དུ་ཕྱོགས་ཡོངས་ནས་སླར་གསོ་ཐུབ་ནས་འཁོར་རྒྱུག་བྱུང་བ་དང་ཆབས་ཅིག སྲིད་ཇུས་ཁག་གི་ཕན་འབྲས་མངོན་པ་དང་ནུས་པ་ཐོན་པའི་ཁར། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་མུ་མཐུད་ལེགས་སུ་ཕྱིན་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བྱ་ཚུལ་མུ་མཐུད་བརྟན་ཐོག་བསྐྱར་འཕར་དང་བརྟན་ཐོག་ལེགས་འཕེལ་བྱུང་ཡོད།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བརྒྱབ་འབྲས་ལ་གཞིགས་ན། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1069.60ཟིན་པ་དེ། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་བརྒྱབ་ན་ལོ་གོང་མའི་དུས་མཚུངས་ལས་8.4%འཕར་ཞིང་། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་51.52ཟིན་པ་དེ་དུས་མཚུངས་ལས་6.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་392.86ཟིན་པ་དེ་དུས་མཚུངས་ལས་12.1%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་625.22ཟིན་པ་དེ་དུས་མཚུངས་ལས་6.7%འཕར་ཡོད།
རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚའེ་མིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་བརྟན་པོ་བྱུང་ཞིང་། ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་72.69ཟིན་པ་དེ། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་བརྒྱབ་ན་དུས་མཚུངས་ལས་6.5%འཕར་བ་དང་། བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་ཞིང་། བཟོ་སྐྲུན་ལས་རིགས་ཀྱི་འཕར་ཚད་ཅུང་མགྱོགས་པོ་བྱུང་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་10.4%འཕར་བ།ཞབས་ཞུའི་ལས་རིགས་མགྱོགས་མྱུར་སླར་གསོ་བྱུང་ཞིང་། ཟླ་དང་པོ་ནས་ལྔ་པའི་བར་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་84.96ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་10.6%འཕར་བ། མ་དངུལ་འཇོག་ཤུགས་ཆེ་ཞིང་། ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་འཇོག་ཚད་ལོ་གོང་མའི་དུས་མཚུངས་ལས་28.4%འཕར་བ་དང་འཕར་ཚད་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་41.4མཐོ་རུ་ཕྱིན་པ། ཡུལ་སྐོར་འཛད་རྫས་ཁྲོམ་ར་ཉིན་བཞིན་དར་རྒྱས་ཕྱིན་ཞིང་། ཡུལ་སྐོར་སྡེ་ཚན་གྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལོ་སྟོད་དུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2424.11ལ་སྣེ་ལེན་ཞུས་པ་དེ་41.2%འཕར་བ་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་གྲངས་སྒོར་དུང་ཕྱུར་260.39ཟིན་པ་དེ་47.5%འཕར་ཡོད། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པ་དང་ཡུལ་སྐོར་ཁྲོམ་རའི་སྐུལ་ཁྲིད་འོག འདི་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་གྲངས་སྒོར་དུང་ཕྱུར་380.97ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་8.3%འཕར་ཞིང་། དེའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་སིལ་ཚོང་བསྡོམས་གྲངས་ལོ་གོང་མའི་དུས་མཚུངས་ལས་86.7%འཕར་ཡོད།
ལོ་སྟོད་དུ་བོད་ཀྱི་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11482ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་7.9%འཕར་ཞིང་། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་25350ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་5.7%འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་6190ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་8.5%འཕར་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་སླར་གསོ་མགྱོགས་པོ་བྱུང་ཞིང་། འགྲིམ་འགྲུལ་སྡེ་ཚན་གྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལོ་སྟོད་དུ་ལྗོངས་ཡོངས་སུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི་735.76ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་35.8%འཕར་བ་དང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་2253.25ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་12.5%འཕར་བ། སྦྲག་སྲིད་གློག་འཕྲིན་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། ཟླ་དང་པོ་ནས་ལྔ་པའི་བར་ལྗོངས་ཡོངས་ཀྱི་གློག་འཕྲིན་ལས་སྒོའི་བསྡོམས་འབོར་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་25.61ལེགས་གྲུབ་བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་20.4%འཕར་ཡོད། སྦྲག་སྲིད་ལས་སྒོའི་བསྡོམས་འབོར་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་2.44ལེགས་གྲུབ་བྱུང་བ་དེ་7.6%འཕར་ཡོད། སྦྲག་སྲིད་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་3.69ཟིན་པ་དེ་5.8%འཕར་ཡོད།
ནོར་སྲིད་ཡོང་འབབ་མགྱོགས་མྱུར་འཕར་ཞིང་། ནོར་སྲིད་སྡེ་ཚན་གྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལོ་སྟོད་དུ་ལྗོངས་ཡོངས་སུ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་114.19བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་50.1%འཕར་ཡོད། དངུལ་རྩའི་སྡེ་ཚན་གྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་དྲུག་པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར་6179.03ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་16.7%འཕར་བ་དང་། དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་5821.98ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་8.5%འཕར་ཡོད།
གཉེར་སྐྱོང་བྱེད་པོ་བརྟན་པོའི་ངང་འཕར་ཞིང་། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལོ་སྟོད་དུ་ལྗོངས་ཡོངས་སུ་དངོས་སུ་གཉེར་སྐྱོང་བྱེད་པོ་ཁྲི་46.71ཡོད་པ་དེ་ལོ་གོང་མའི་དུས་མཚུངས་ལས་9.5%འཕར་ཡོད། དེའི་ནང་ཁེ་ལས་ཀྱི་གྲངས་འབོར་དེ་ལོ་གོང་མའི་དུས་མཚུངས་ལས་11.7%འཕར་བ་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་གྲངས་འབོར་དེ་ལོ་གོང་མའི་དུས་མཚུངས་ལས་9.4%འཕར་ཡོད།