དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁོར་ཡུག་མཛེས་སེ་མཛེས། འཚོ་བ་སྐྱིད་སེ་སྐྱིད།

    —— ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལ་ལེགས་བཅོས་བྱས་པར་ཕན་འབྲས་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-03

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱ་རྒྱུ་དེ་དམངས་འཚོའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱུན་སྲིང་ལྷོད་མེད་ངང་ལེགས་བཅོས་ཀྱི་བྱ་སྤྱོད་སྤེལ་བ་དེས་གྲོང་གསེབ་ཀྱི་ཁོར་ཡུག་མཛེས་པ་དང་། སྐྱིད་སྣང་དོད་པ། བྱང་ཚད་མཐོ་བ་བཅས་བྱུང་ནས་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ཚད་གཞི་ལོན་པ་ནས་རིམ་སྤོར་དང་། གཙང་ཞིང་གྲལ་འགྲིག་པ་ནས་མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པའི་བར་འགྱུར་ལྡོག་བྱུང་ཡོད།

    ཡུལ་བབ་དང་བསྟུན་ནས་སྒྱུར་བཀོད་བྱས་པས་འཚོ་བའི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ།

    2019ལོར་ལྷུན་རྩེ་རྫོང་བྱ་ཡུལ་ཤང་ཕང་གྲོང་ཚོས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་རིང་། ཁྱིམ་ཚང་ཚང་མས་ཁྱིམ་ནང་ལ་ཆུ་བཤལ་གཏོང་རྒྱུ་ཡོད་པའི་གསང་སྤྱོད་བསྐྲུན་ཡོད།

    གསང་སྤྱོད་བསྐྲུན་རྒྱུ་ནི་དམངས་འཚོ་ཆེན་པོ་ཞིག་རེད། ལྷོ་ཁ་གྲོང་ཁྱེར་གྱིས་ཆུ་འཁྲིད་ཐུབ་སར་ཆུ་ཁྲིད་པ་དང་། སྐམ་པོར་འཇོག་དགོས་རིགས་སྐམ་པོར་འཇོག་རྒྱུའི་རྩ་དོན་ལྟར་ཞིང་འབྲོག་ཁུལ་གྱི་གསང་སྤྱོད་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་འཕྲོད་བསྟེན་ལྡན་པའི་གསང་སྤྱོད་ཁྱབ་གདལ་གཏོང་རྒྱ་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། མིག་སྔར། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ཁུལ་དུ་འཕྲོད་བསྟེན་ལྡན་པའི་གསང་སྤྱོད་ཡོད་པའི་དུད་ཚང་ཁྲི་5.9ཟིན་ནས་འཕྲོད་བསྟེན་ལྡན་པའི་གསང་སྤྱོད་ཁྱབ་གདལ་ཐུབ་ཚད་76%ཟིན་ཡོད།

    དེ་དང་ཆབས་ཅིག་ཏུ། ལྷོ་ཁ་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་བྱ་རྒྱུ་དེ་སྤྱིར་ན་ཁྱོན་ཡོངས་ལ་ཁྱབ་ཡོད།

    མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་83ཀྱིས་གད་སྙིགས་གནོད་མེད་གཙང་སེལ་སྒྲིག་ཆས་55བཙུགས་པ་དེ་དག་ཤང་དང་གྲོང་རྡལ་53ལ་ཁྱབ་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ(གྲོང་ལྷན)570ཡི་ཁྲོད་ཤང་དང་གྲོང་རྡལ་546ལ་འཚོ་བའི་གད་སྙིགས་དབོར་འདྲེན་དང་གཙང་སེལ་མ་ལག་བཙུགས་པ་ཁེབས་ཚད་96.9%ཟིན་ཞིང་། ཡུལ་གྱི་དམངས་སྲོལ་དང་རྣམ་པར་ཤུགས་རྐྱེན་ཐེབས་པའི་གད་སྙིགས་གཙང་སེལ་ཐུབ་པ་དེས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་སྐྱིད་སྣང་དོད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    གྲོང་སྡེ་མཛེས་སུ་གཏོང་བར་དམངས་ཡོངས་ཞུགས་པས་གྲོང་གསེབ་ཀྱི་ཁོར་ཡུག་ཆེས་ཆེར་ལེགས་སུ་ཕྱིན་པ།

    “གྲོང་སྡེ་ནི་ངའི་ཁྱིམ་དང་། ཁོར་ཡུག་མཛེས་པོ་ཡོང་བར་ཚང་མར་བརྟེན་དགོས”ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད། ཞིང་འབྲོག་མང་ཚོགས་ཀྱི་རང་ངོས་སྟོབས་ཤུགས་རྒྱ་ཁྱབ་ངང་སྐུལ་སློང་བྱས་ནས་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་རྣམ་པ་གསོན་ཉམས་ལྡན་པ་ཞིག་ཆགས་པར་བྱས་ཡོད།

    མིག་སྔར། ལྷོ་ཁ་གྲོང་ཁྱེར་ལ་རང་སྐྱོང་ལྗོངས་རིམ་པའི་མཛེས་སྡུག་སོས་དལ་དང་བདེ་སྐྱིད་ལྡན་པའི་སྡོད་མལ་དཔེ་སྟོན་གྲོང་ཚོ་56ཡོད་ལ། མཚོ་སྨད་རྫོང་དང་། གྲ་ནང་རྫོང་། འཕྱོངས་རྒྱས་རྫོང་སོགས་ལ་རྒྱལ་ཡོངས་ཀྱི་གྲོང་སྡེ་གཙང་མའི་བྱ་སྤྱོད་སྤེལ་མཁན་སྔོན་ཐོན་རྫོང་གི་མཚན་སྙན་སྔ་རྗེས་སུ་ཐོབ་ཡོད།

    2022ལོར། ལྷོ་ཁ་གྲོང་ཁྱེར་གྱིས་མཛེས་སྡུག་ལྡན་པའི་སྡོད་མལ་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་རྣམ་གྲངས་34ལག་ལེན་བསྟར་བ་དང་། རྣམ་གྲངས་དེ་དག་གྲོང་ཚོའི་བཀོད་པ་ལེགས་གཏོང་དང་། འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་སེལ། གྲོང་ཚོའི་མ་ལམ་དང་དུད་ཚང་དུ་བསྐྱོད་སའི་ལམ་འཛུགས་སྐྲུན་སོགས་ལ་ཁྱབ་ཅིང་། མིག་སྔར་རྣམ་གྲངས་33ལས་འགོ་ཚུགས་པ་དང་མ་དངུལ་སྒོར་དུང་ཕྱུར་5.46བཏང་ཡོད། རྣམ་གྲངས་དེ་དག་དོན་འཁྱོལ་དང་ལག་ལེན་བསྟར་བ་དེས་མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ཡོང་བར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

    སྒྲིག་སྲོལ་དང་ལམ་ལུགས་བཟོ་བར་སྙིང་རུས་གཏན་འཁྱོངས་བྱས་པས་ལེགས་བཅོས་ལས་དོན་ལ་ཕན་འབྲས་ཐོན་པ།

    མིའི་འཚོ་སྡོད་ཁོར་ཡུག་ནི་སྐབས་བསྟུན་འགྱུར་ལྡོག་འགྲོ་བ་ཡིན་ཡང་། ལེགས་བཅོས་ལས་དོན་ནི་ངེས་པར་རྒྱུན་སྲིང་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས་པ་དང་། ལེགས་བཅོས་ལ་ཕན་འབྲས་ཐོན་པར་འགག་རྩ་ལམ་ལུགས་ལ་བརྟེན་དགོས།

    2021ལོར་ལྷོ་ཁ་གྲོང་ཨུད་ཀྱིས་མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ཆེད་དོན་ཚན་ཁག་བཙུགས་པ་ནས་བཟུང་། ལམ་ལུགས་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་པས་དངོས་སྒྲུབ་སྤྱོད་འཐུས་ཀྱི་ལམ་ལུགས་ཀྱི་བྱ་ཐབས་ཤིག་ཆགས་ཡོད།

    ཞིང་འབྲོག་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བའི་ཁོར་ཡུག་ལ་བཅངས་པའི་དགོས་མཁོར་དམིགས་ནས། ལྷོ་ཁ་གྲོང་ཁྱེར་གྱིས་མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་རིམ་སྤོར་གྱི་ལོ་ལྔའི་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་ནས་ཚོད་སྐོར་དང་དཔྱད་ཞིབ་ཀྱི་ཇུས་གཞི་དང་དེ་བཞིན་འགན་འཁྲིར་དོ་དམ་དང་། ལྟ་སྐུལ་གདེང་འཇོག ཡོངས་བསྒྲགས་ལྟ་སྐུལ། ཆ་འཕྲིན་ཚུར་ལན་སོགས་ཀྱི་ལམ་ལུགས་མང་པོ་བཟོས་པ་དེས་མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱ་རྒྱུ་དེ་ལམ་ལུགས་ཅན་གྱི་སྲོལ་ལམ་ལ་འཇུག་ཐུབ་པ་བྱུང་ཡོད།

    ལོ་གཅིག་ཙམ་ལག་བསྟར་བྱེད་རིང་། ལམ་ལུགས་ཀྱི་བྱ་ཐབས་དེ་དག་གིས་ཕན་ནུས་ཆེན་པོ་ཐོན་བཞིན་ཡོད། ཁྱད་ཆོས་ལྡན་ལ་སྒྲིག་ཆས་འཐུས་སྒོ་ཚང་ཞིང་ཡུལ་སོ་སོའི་དམངས་སྲོལ་དང་། མཛེས་ལྗོངས། ཁྱད་ཆོས་ཟབ་མོ་བཅས་ལྡན་པའི་མཛེས་སྡུག་སོས་དལ་དང་། བདེ་སྐྱིད་ལྡན་པའི་སྡོད་མལ། གཙང་ཞིང་གྲལ་སྟར་འགྲིག་པའི་གྲོང་ཚོ(གྲོང་ལྷན)ཁག་གཅིག་ཡངས་པའི་ཡར་ཀླུང་ས་གཞིར་མུ་ཏིག་བཞིན་འོད་འཚེར་ནས་ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་ཉམས་དགའ་བ་ཞིག་མངོན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།