དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨར་ཅི་རི་ཡའི་ཙུང་ཐུང་ཐེ་པེན་གྱིས་ཀྲུང་གོར་འཚམས་འདྲི་གནང་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་གང་མགྱོགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་པ།

    ཨར་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཏེ་པེ་ཧྲིར་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-02

    ཨར་ཅི་རི་ཡ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཨར་ཅི་རི་ཡའི་མི་རིགས་བཅིངས་འགྲོལ་འཐབ་ཕྱོགས་ཀྲུང་དབྱང་གི་ཨུ་ཡོན། ཨར་ཅིར་སི་སློབ་ཆེན་གསུམ་པའི་དགེ་རྒན་ཆེ་མོ་བ་བཅས་ཡིན་པའི་དབྱི་སི་མེར·ཏེ་པེ་ཧྲི་ཡིས་ཉིན་ཤས་གོང་ཨར་ཅི་རི་ཡའི་རྒྱལ་ས་ཨར་ཅིར་སི་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཨར་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ཟབ་པ་དང་ལྟེ་བའི་གནད་དོན་ཐད་ལངས་ཕྱོགས་གཅིག་མཚུངས་ཡིན་པས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཨར་ཅི་རི་ཡའི་ཙུང་ཐུང་ཐེ་པེན་གྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཉེར་ཡོད་པ་དེ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་གང་མགྱོགས་འཕེལ་རྒྱས་འགྲོ་བའི་འགོ་འཛུགས་ས་གསར་པ་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བརྗོད།

    ཏེ་པེ་ཧྲི་ཡིས་དུས་རབས་20པའི་ལོ་རབས་90པ་ནས་བཟུང་ཨར་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་བ་དང་2016ལོར“ཀྲུང་གོ་དང་ཨ་རབ་མཛའ་གྲོགས་ཀྱི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ”ཐོབ་ཡོད། ཁོང་གིས་ཀྲུང་གོར་དུས་ཡུན་གཟའ་འཁོར་4ཡི་འཚམས་འདྲི་བྱས་མ་ཐག་ཡིན་པ་དང་དེའི་རིང་སྐབས་བཅུ་དྲུག་པའི་ཀྲུང་ཧྭ་དཔེ་དེབ་ཀྱི་དམིགས་བསལ་ལེགས་སྐྱེས་བྱ་དགའ་ཡང་ཐོབ་ཡོད། ཁོང་གིས་ལོ་3ལྷག་ཙམ་སོང་རྗེས་སླར་ཡང་ཀྲུང་གོར་འཚམས་འདྲི་ཡོང་སྐབས་ཀྲུང་གོས་འཕེལ་རྒྱས་ཀྱི་གོམ་སྟབས་མཚམས་འཇོག་བྱས་མེད་པ་མ་ཟད། ལྗང་མདོག་དཔལ་འབྱོར་དང་ཚན་རྩལ་ཁྱབ་ཁོངས་སུ་ཚད་བརྒལ་བྱུང་བ་དེ་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཀྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད་པ་ངར་ངོས་འཛིན་ཟབ་མོ་བྱུང་ཞེས་བརྗོད།

    ཏེ་པེ་ཧྲི་ཡིས་ཨར་ཅི་རི་ཡ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་ཟབ་མོ་ནི་ཨར་ཅི་རི་ཡའི་རང་བཙན་གསར་བརྗེའི་དུས་སྐབས་ནས་བྱུང་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་65སོང་རིང་ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐད་ལངས་ཕྱོགས་གཅིག་མཐུན་ཡོང་བར་བྱེད་པ། ཁྱབ་ཁོངས་མང་པོར་གཉིས་ཕན་མཉམ་ལས་བཅས་བྱས་པ་དེ་ལག་གདང་དཔུང་སྦྲེལ་གྱི་འཐབ་ཇུས་་རོགས་ཟླར་གྱུར་ཡོད་ཅེས་བརྗོད།

    ཏེ་པེ་ཧྲི་ཡིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལས་བྱུང་བའི་གཉིས་ཁེ་གཉིས་ཕན་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཁོང་གིས་ཀྲུང་གོས་རྒྱུད་གཅིག་ལམ་གཅིག་ནང་ཞུགས་མཁན་རྒྱལ་ཁབ་ལ་ལྕགས་ལམ་དང་གྲུ་ཁ་སོགས་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་གཏོང་རོགས་བྱས་ནས་རྒྱལ་ཁབ་དེ་དག་གི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད། དེ་དང་ཆབས་ཅིག་ཨར་ཅི་རི་ཡ་ཚུད་པའི་རྒྱལ་ཁབ་ཀྱིས་ཀྲུང་གོའི་ཐོན་རྫས་ནང་འདྲེན་བྱེད་པ་ཁོ་ན་མ་ཡིན་པར་ཀྲུང་གོ་དང་མཉམ་ལས་བྱས་པ་བརྒྱུད་ཐོན་རྫས་དེ་དག་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད་ཅེས་བརྗོད།

    འདི་ལོ་ནི་ཀྲུང་གོས་ཨར་ཅི་རི་ཡར་སྨན་བཅོས་རུ་ཁག་མངགས་ནས་ལོ་60འཁོར་བའི་ལོ་ཞིག་རེད། ལོ་60ཡི་རིང་ཀྲུང་གོས་ཨར་ཅི་རི་ཡར་སྨན་བཅོས་རུ་ཁག་ཁག་ཐེངས་27མངགས་ནས་ནད་པ་མི་ཐེངས་ཁྲི་2700ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་ཕྲུ་གུ་དམར་འབྱར་ཁྲི་207ཙམ་སྐྱེ་བསུ་བྱས་པར་ས་གནས་དེ་གའི་སྲིད་གཞུང་དང་མི་དམངས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། ཏེ་པེ་ཧྲི་ཡིས་ཀྲུང་གོའི་སྨན་བཅོས་རུ་ཁག་འབྱོར་བ་དེ་ཨར་ཅི་རི་ཡའི་ངོས་ནས་བརྗོད་ན་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་རང་རེད། སྐབས་དེ་དུས་ཀྱི་ཨར་ཅི་རི་ཡ་ནི་ཡ་ང་བའི་དམག་འཁྲུག་དུས་སྐབས་ལས་སྒྲོལ་མ་ཐག་ཡིན་པས་སྨན་བཅོས་རོགས་སྐྱོབ་དགོས་གལ་ཆེན་པོ་ཡོད། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་མི་རྣམས་ལ་སྐྱོབ་བཅོས་བྱེད་པའི་རེ་བ་སྦྱིན་ཡོད། ཀྲུང་གོའི་སྨན་པས་ཨར་ཅི་རི་ཡར་ནད་པ་སྐྱོབ་བཅོས་བྱེད་པ་ཙམ་མ་ཟད། ད་དུང་ས་གནས་དེ་གའི་སྨན་པར་གསོ་སྐྱོང་ཡང་བྱས་ཡོད། རྒྱལ་ཁབ་གཉིས་པོའི་སྨན་བཅོས་འཕྲོད་བསྟེན་མཉམ་ལས་དེ་ཀྲུང་གོ་དང་ཨར་ཅི་རི་ཡའི་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།