མཛའ་གྲོགས་ཟམ་པས་འཕེལ་རྒྱས་ཀྱི་ལམ་བུ་བཤངས།
འདི་ནི་ཁ་རེ་ཤེ་ཡའི་སྐམ་ས་ཆེ་མོ་དང་ཕེ་ལེ་ཧྲ་ཚེ་ཕྱེད་གླིང་འཕྲེད་བརྒལ་བྱས་པའི་ཕེ་ལེ་ཧྲ་ཚེ་ཟམ་ཆེན་ཡིན་པ།
ནམ་ལངས་མ་ཐག་ཟམ་ཆེན་ཐོག་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་གྱི་རྒྱུན་ཆད་རྒྱུ་མེད། ཁ་རེ་ཤེ་ཡའི་རྒྱལ་ས་ཟག་རེབ་ནས་ཡིན་པའི་ཁེ་ལི་སི་ཏི་ནཱ·ལུའོ་ཧྥུའུ་ལི་ཁེས་རླངས་འཁོར་ལ་བསྡད་དེ་ལྷོ་རྒྱུད་གྲོང་ཁྱེར་ཏུའུ་པུའུ་ལུའོ་ཧྥུའུ་ཉི་ཁེར་སྐྱོད་བཞིན་ཡོད། “ཟམ་ཆེན་མ་སྐྲུན་གོང་། ཁ་རེ་ཤེ་ཡའི་བྱང་རྒྱུད་སྐམ་ས་ཆེ་མོ་དང་ལྷོ་རྒྱུད་ཀྱི་ཕེ་ལེ་ཧྲ་ཚེ་ཕྱེད་གླིང་དབར་ཐད་ཀར་ཤར་གཏོང་ཐུབ་པའི་ལམ་མེད་པས། ཁྱིམ་མཚེས་རྒྱལ་ཁབ་ཀྱི་པོ་ཧེ་གྲོང་རྡལ་ཉེ་མུའུ་བསྐོར་ནས་སྐྱོད་དགོས་ཀྱི་ཡོད། ས་གནས་དེ་གའི་ཡུལ་མི་དང་ཕྱི་ནས་འོང་བའི་ཡུལ་སྐོར་བ་སུ་ཡིན་རུང་འགྲོ་འོང་བྱེད་སྐབས་ངེས་པར་དུ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཐེངས་གཉིས་བརྒྱུད་དགོས་པས་འགྲོ་ལུགས་གཉེར་བར་རྙོག་དྲ་ཧ་ཅང་ཆེན་པོ་ཡོད” ཕེ་ལེ་ཧྲ་ཚེ་ཟམ་ཆེན་བསྐྲུན་རྗེས་ཀྱི་འགྱུར་ལྡོག་སྐོར་གླེང་སྐབས་ལུའོ་ཧྥུའུ་ལི་ཁེས“ཟམ་ཆེན་དེ་ཤར་གཏོང་ཐུབ་པས་ཚང་མའི་འགྲོ་སྐྱོད་ལ་སྟབས་བདེ་ཆེན་པོ་བསྐྲུན་པ་མ་ཟད། ད་དུང་ང་ཚོའི་ལས་ཀ་དང་འཚོ་བར་ཡང་དགའ་འོས་པའི་འགྱུར་ལྡོག་བྱུང་ཡོད། ཀྲུང་གོའི་འཛུགས་སྐྲུན་ཚོགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད།
ལོ་གཅིག་སྔོན་གྱི་ཟླ་7ཚེས་26ཉིན། ཀྲུང་གོ་ལམ་ཟམ་ཀུང་སིས་སྣེ་ཁྲིད་པའི་ཀྲུང་གོའི་ཁེ་ལས་མཉམ་འབྲེལ་སྒྲིག་གཞིས་སྐྲུན་འགན་འཁུར་བའི་ཕེ་ལེ་ཧྲ་ཚེ་ཟམ་ཆེན་སྟེང་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ་རེད། ལོ་གཅིག་རིང་རིམ་རྩིས་བྱས་ན་ཟམ་ཆེན་ཐོག་རླངས་འཁོར་ཐེངས་གྲངས་ཁྲི་300ཙམ་སྐྱོད་པ་དང་། འབྲེལ་ཡོད་གྲོང་ཁྱེར་དབར་གྱི་འགྲོ་སྐྱོད་དུས་ཚོད་ཐུང་དུ་ཤུགས་ཆེན་ཕྱིན་པ་མ་ཟད། ཡུལ་སྐོར་དང་། འགྲིམ་འགྲུལ། ཟོག་འགྲེམས་སོགས་ལས་རིགས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ནས་ས་གནས་དེ་གའི་དམངས་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད།
ཟླ་7པར་ཁ་རེ་ཤེ་ཡའི་ཡུལ་སྐོར་མང་བའི་དུས་ཚིགས་ཤར་བ་དང་། ཏུའུ་པུའུ་ལུའོ་ཧྥུའུ་ཉི་ཁེར་སྐྱོད་མཁན་ཡུལ་སྐོར་བ་མང་པོ་ཡོད། ཁོར་མ་ནཱ་གྲོང་ཚོའི་གྲོང་དཔོན་དབྱི་ཝོས་བཙུགས་པའི་ཟ་ཁང་དུ་ཡང་སྐུ་མགྲོན་གྱིས་ཁེངས་ཡོད། “ཟམ་ཆེན་ཤར་གཏོང་ཐུབ་པ་དེས་དེ་སྔ་ཆུ་ཚོད་3འགོར་བའི་ལམ་ཐག་དེ་ད་ཆ་ཆུ་ཚོད་ཕྱེད་ཀ་ཡང་མི་འགོར་བས་ས་གནས་དེ་གའི་ཡུལ་སྐོར་དང་ཟོག་འགྲེམས་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད། ང་ཚོའི་ཟ་ཁང་གི་ངོས་ནས་བརྗོད་ན། འགྱུར་ལྡོག་དེ་རིགས་མངོན་གསལ་དོད་པོ་ཡོད་པ་དང་། ང་ཚོའི་ཡོང་འབབ་མང་དུ་ཕྱིན་པ་དང་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་ཡོད”ཅེས་དབྱི་ཝོ་ཡི་ངོ་གདོང་ལས་བློ་ཡིད་ཚིམས་པའི་འཛུམ་མདངས་འཕྱུར་བཞིན་དེ་ལྟར་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟམ་ཆེན་སྐྲུན་རིང་ཀྲུང་གོ་ཕྱོགས་ཀྱི་ཨར་སྐྲུན་ཚན་པ་གཙོ་བོ་ཀྲུང་གོ་འགྲིམ་འགྲུལ་གཞུང་ལམ་ཅུས་གཉིས་པས་ཡོ་རོབ་མནའ་འབྲེལ་གྱི་ཇུས་འགོད་བློ་འདྲིའི་ཁེ་ལས་18དང་། ཨར་སྐྲུན་ཁེ་ལས་45དང་དེ་བཞིན་ཁ་རེ་ཤེ་ཡ་དང་། འཇར་མན། ཕོ་ལན་སོགས་རྒྱལ་ཁབ་ཀྱི་སྒྲིག་ཆས་དང་རྒྱུ་ཆ་མཁོ་སྤྲོད་ཚོང་པ་112དབར་མཉམ་ལས་གཏིང་ཟབ་བྱས་ཡོད། ཁ་རེ་ཤེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཆི་ཆན་ཅིན་གྱིས“ཕེ་ལེ་ཧྲ་ཚེ་ཟམ་ཆེན་རྣམ་གྲངས་ཀྱིས་ཀྲུང་ཁེ་ཡོ་ཕྱོགས་གསུམ་གྱི་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱས་ནས། ཕྱོགས་གསུམ་པོའི་འབྱུང་འགྱུར་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་མིག་དཔེ་སྟོན་ཏེ་ས་གནས་དེ་གའི་ཀྲུང་གོའི་མཛའ་གྲོགས་གཟུགས་བརྙན་མི་སེམས་ལ་གཏིང་ཟབ་ཟུག་པར་བྱས་ཡོད”ཅེས་བརྗོད། ཕེ་ལེ་ཧྲ་ཚེ་ཟམ་ཆེན་དེ་མཛའ་གྲོགས་ཟམ་པའི་ངོས་ནས་ཀྲུང་གོ་མི་དམངས་ཀྱི་སྨོན་འདུན་བཟང་པོ་མཚོན་པ་དང་ཁ་རེ་ཤེ་ཡའི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་དེ་བས་ཆེ་བ་ཐོན་རྒྱུ་རེད།