དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་ཨུ་རུ་སུ་དང་ཡུག་རེན་གྱི་འབྲུ་རིགས་དང་རྫས་ལུད་ཕྱིར་གཏོང་སྔ་ཙམ་སླར་གསོ་ཡོང་བར་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-02

    ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་གཞོན་པ་ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་ཨུ་རུ་སུ་དང་ཡུག་རེན་གྱི་འབྲུ་རིགས་དང་རྫས་ལུད་ཕྱིར་གཏོང་སྔ་ཙམ་སླར་གསོ་ཡོང་བར་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་ལུགས་བརྗོད་པ་རེད།

    བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡུག་རེན་གྱི་གནད་དོན་སྐོར་ལ་གྲོས་ཞིབ་བྱེད་རིང་། ཀེང་ཧྲོང་གིས་ཧེ་ཧའེ་གྲུ་ཁའི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་དང་དེ་བཞིན་ཨུ་རུ་སུའི་འབྲུ་རིགས་དང་རྫས་ལུད་ཕྱིར་གཏོང་སྐོར་གྱི་བསམ་ཤེས་དྲན་ཐོ་བཞག་པ་དེས་གོ་ལ་ཧྲིལ་པོའི་འབྲུ་རིགས་རིན་གོང་བརྟན་པོ་ཡོང་བ་དང་གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་དང་ལྷག་པར་དུ་ཆེས་ཉམས་ཞན་རྒྱལ་ཁབ་ཀྱི་འབྲུ་རིགས་མཁོ་སྤྲོད་ལེགས་སྒྲིག་ཡོང་བར་ནུས་པ་ཆེན་པོ་ཐོན་ཡོད། མིག་སྔར་གྲོས་མཐུན་སྦབ་ཆ་གཅིག་སླར་གསོ་ཡོང་བར་གོ་སྐབས་སྔར་བཞིན་གནས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་བཏང་ནས་དོ་བདག་ཕྱོགས་དབར་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱ་རྒྱུར་སྐུལ་འདེད་གང་ཐུབ་བཏང་བ་དང་ཁ་ཕྱོགས་གཅིག་ཏུ་ཧུར་ཐག་བསྐྱོད་དེ་ཕན་ཚུན་ཚང་མས་དོ་ཁུར་བྱེད་གནད་ཐག་གཅོད་བྱས་ནས་ཨུ་རུ་སུ་དང་ཡུག་རེན་གྱི་འབྲུ་རིགས་དང་རྫས་ལུད་ཕྱིར་གཏོང་སྔ་ཙམ་སླར་གསོ་ཡོང་བར་བརྩོན་ལེན་བྱེད་དགོས་ལུགས་བསྟན་པ་རེད།

    ཀེང་ཧྲོང་གིས་མང་ཚོགས་ཀྱི་དཀའ་ངལ་ཆུང་དུ་གཏོང་བ་དང་གནས་སྟངས་ཛ་དྲག་ཏུ་མི་འགྲོ་བ་བྱེད་པ་ནི་མིག་སྔའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་གདོང་ཐུག་ཕྱོགས་གཉིས་པོས་དམག་དོན་ཁ་གཏད་དུ་ལངས་བའི་བསམ་བློ་དོར་ནས་སེམས་པ་ལྷོད་ལ་ཕབ་སྟེ་བཟོད་སྒོམ་གྱིས་དམག་འཁྲུག་ཇི་སྡུག་ཏུ་མི་འགྲོ་བ་བྱས་ནས་ཟློག་ཐབས་བྲལ་བའི་རྣམ་པ་མི་ཐོན་གཏན་འགོག་བྱེད་དགོས་པ་དང་། གདོང་ཐུག་ཕྱོགས་ཀྱིས་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་དང་འབྲེལ་ཡོད་རྒྱལ་སྤྱིའི་སྤྱི་ཆིངས་ལ་སྲུང་བརྩི་ནན་ཏན་ཞུས་ནས་མི་སེར་དང་དམངས་སྤྱོད་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་དང་རིག་གནས་ཤུལ་བཞག་ལ་གཏོར་སྐྱོན་མི་ཕོག་པ། འགན་མི་འཁུར་བའི་ངང་འབར་མདེལ་ནང་བཤུག་གཏོང་བ་དང་བེད་སྤྱོད་གཏོང་རིགས་མི་ཐོན་པ་དང་ལྷག་པར་དུ་ཀྲ་པོ་ལོ་རེ་ཉིང་རྡུལ་གློག་ཁང་ལ་གནོད་སྐྱོན་གཏོང་བའི་བྱེད་སྤྱོད་ཅི་རིགས་མི་ཐོན་པ་བྱས་ནས་ནུས་ཤུགས་ཡོད་རྒུས་ཉིང་རྡུལ་གྱི་གོད་ཆག་མི་ཐོན་རྒྱུ་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད།

    ཀེང་ཧྲོང་གིས། ཡུག་རེན་གྱི་གནད་དོན་ཐད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་སོ་སོའི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་སྲུང་སྐྱོང་བྱེད་དགོས་ངེས་ཀྱི་འདོད་ཚུལ་འཛིན་གྱི་ཡོད། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་དམིགས་ཡུལ་དང་རྩ་དོན་ལ་ངེས་པར་དུ་སྲུང་བརྩི་དང་ཕྱོགས་ཁག་གི་ལུགས་མཐུན་གྱི་བདེ་འཇགས་དོ་ཁུར་ལ་ངེས་པར་དུ་མཐོང་ཆེན་བྱས་ནས་ཞི་བའི་ལམ་ནས་ཉམས་ཉེན་ཐག་གཅོད་ལ་ཕན་པའི་འབད་བརྩོན་མཐའ་དག་ལ་ངེས་པར་དུ་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཡུག་རེན་གྱི་ཉམས་ཉེན་ཆབ་སྲིད་ལམ་ནས་ཐག་གཅོད་ཡོང་བར་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡིན་པ་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།