《བདེན་འཚོལ》དུས་དེབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།
རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་ཡོང་བར་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་15པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་ཡོང་བར་བྱེད་དགོས》ཞེས་པ་སྤེལ་བ་རེད།
རྩོམ་ཡིག་ཏུ་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དུ་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་དང་། ཐོག་མའི་གསར་གཏོད་མངོན་གསལ་དོད་པོ། རང་མོས་འཚོལ་ཞིབ་ལ་སྐུལ་ལྕག་བཅས་བྱས་ནས་འཐབ་ཇུས་བཀོད་སྒྲིག་བྱས་ཏེ་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། གཅིག་ནས་རྨང་གཞིའི་ཞིབ་འཇུག་གི་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་དང་། འཐབ་ཇུས་ཀྱི་རང་བཞིན། མ་ལག་གི་རང་བཞིན་གྱི་བཀོད་པ་བཅས་ལ་ཤུགས་སྣོན་རྒྱག་དགོས་ཤིང་། རྨང་གཞིའི་ཞིབ་འཇུག་ཞིབ་འཇུག་ནས་ཉེར་སྤྱོད་དང་དེ་ནས་ཐོན་སྐྱེད་བར་གྱི་ཚན་རིག་ཞིབ་འཇུག་བྱེད་རིམ་གྱི་འགོ་འཛུགས་སར་གནས་པས་རྩིག་རྨང་བརྟན་པོ་བཏིང་ཚེ་ད་གཟོད་ཚན་རྩལ་བྱ་གཞག་གི་ཐོག་བརྩེགས་མཁར་ཆེན་ཞིག་བསྐྲུན་ཐུབ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པར་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་དགོས་མཁོའི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ཐོན་ཁུངས་བཀོད་སྒྲིག་དང་བཀོད་སྒྲིག་གི་གྲུབ་ཆ་ལེགས་སུ་བཏང་ནས་གསར་གཏོད་འཕེལ་རྒྱས་ལ་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་དང་ལག་རྩལ་གྱི་འབྱུང་རྩ་མཁོ་འདོན་བྱེད་དགོས། གཉིས་ནས་རྨང་གཞིའི་ཞིབ་འཇུག་གི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་ཤིང་། འཛམ་གླིང་ཚན་རིག་ཆེན་པོའི་དུས་རབས་སུ་སླེབས་ཡོད་པས་རྨང་གཞིའི་ཞིབ་འཇུག་རྩ་འཛུགས་ཅན་གྱི་ཚད་གཞི་ཇེ་མཐོར་འགྲོ་བཞིན་ཡོད་ལ། ལམ་ལུགས་ཀྱི་འགན་སྲུང་དང་སྲིད་ཇུས་ཀྱི་ཁྲིད་སྟོན་གྱིས་རྨང་གཞིའི་ཞིབ་འཇུག་གི་ཐོན་རྫས་ལ་ཐེབས་པའི་ཤུགས་རྐྱེན་ཡང་ཇེ་ཆེར་འགྲོ་བཞིན་ཡོད། ངེས་པར་དུ་སྒྱུར་བཅོས་ཀྱི་ཇུས་གཞི་ལེགས་སུ་དང་ཞིབ་ཕྲ་བཟོས་ཏེ་ལམ་ལུགས་དང་སྲིད་ཇུས་ཀྱི་རིན་ཐང་སྐུལ་འདེད་དང་འཐབ་ཇུས་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་འདོན་དགོས། གསུམ་ནས་རྨང་གཞིའི་ཞིབ་འཇུག་གི་ཆུ་ཚད་མཐོ་བའི་འདེགས་སྐྱོར་ལས་སྟེགས་སྐྲུན་དགོས་ཤིང་། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་འཛམ་གླིང་གི་ཚན་རྩལ་དུས་དེབ་རྩེ་གྲ་གཉེར་བ་དང་རྒྱལ་ཁབ་ཆེན་པོའི་འཕྲུལ་ཆས་གལ་ཆེན་ཁག་གཅིག་ནུས་ཤུགས་ཡོད་རྒུས་བཟོས་པས། རྨང་གཞིའི་ཞིབ་འཇུག་གི་འདེགས་སྐྱོར་ལས་སྟེགས་འཛུགས་སྐྲུན་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་རྩ་བའི་ཐོག་ནས“སྣེ་གཉིས་ཕྱི་ཕྱོགས་སུ་ཁྱབ་པའི”གནད་དོན་ཐག་གཅོད་བྱེད་པར། ད་དུང་ལས་འགན་ལྕི་ལ་ལམ་ཐག་རིང་པོ་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་གི་མ་ལག་མཐུན་སྦྱོར་ངང་འཛུགས་པར་སྔ་བལྟས་ཕྱི་བསམ་གྱི་སྣེ་ཁྲིད་ཅན་དང་། འཐབ་ཇུས་ཀྱི་ཁྲིད་ཕྱོགས་ཅན། ཉེར་སྤྱོད་ཀྱི་འདེགས་སྐྱོར་ཅན་བཅས་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ། ཚན་རྩལ་ཡོ་བྱད་སྒྲིག་ཆས་དང་། བཀོལ་སྤྱོད་མ་ལག རྨང་གཞིའི་མཉེན་ཆས་བཅས་རྒྱལ་ནང་ནས་ཐོན་སྐྱེད་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས།བཞི་ནས་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུ་དེ་མཐར་གཏུགས་ནས་བཤད་ན་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣར་བརྟེན་དགོས། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱིས་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཤེས་ལྡན་མི་སྣའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣའི་དཔུང་ཁག་ལ་སྔར་བཞིན་ཞན་ཆ་མངོན་གསལ་དོད་པོ་ཡོད། ངེས་པར་དུ་ནུས་ཤུགས་ཡོད་རྒུས་མ་ལག་ཅན་དང་རིམ་པ་མཐོ་བའི་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་སྟེགས་བསྐྲུན་ཏེ། རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་སྔར་ལས་མང་བ་གཅིག་རྗེས་གཉིས་མཐུད་ཐོན་པར་བྱེད་དགོས། ལྔ་ནས་རྨང་གཞིའི་ཞིབ་འཇུག་གི་རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་ཏུ་སྤེལ་དགོས་ཤིང་། མིག་སྔར་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་རྒྱལ་ཁབ་ཉུང་ཤས་ཤིག་གི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱི་ཕོག་ཐུག་དང་འགྲན་སློང་འཕྲད་ཡོད། མིའི་རིགས་ཀྱིས་ཐུན་མོང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བར། རྒྱལ་སྤྱིའི་མཉམ་ལས་དང་སྒོ་དབྱེ་མཉམ་སྤྱོད་དགོས་གལ་དེ་སྔའི་དུས་སྐབས་གང་ཞིག་ལས་ཀྱང་ཆེ་བ་ཡོད། རང་ཚུགས་ཀྱི་གསར་གཏོད་ལྟེ་གནས་སམ་ཡང་ན་གསར་གཏོད་ཀྱི་གྲུབ་འབྲས་ཁེར་རྐྱང་ལོངས་སྤྱོད་བྱེད་ཐུབ་མཁན་རྒྱལ་ཁབ་གཅིག་ཀྱང་མེད། རང་རྒྱལ་གྱིས་དེ་བས་སྒོ་དབྱེའི་བསམ་གཞིག་དང་བྱེད་ཐབས་ལ་བརྟེན་ནས་རྨང་གཞིའི་ཞིབ་འཇུག་སོགས་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་འགྲན་ནུས་ལྡན་པའི་སྒོ་དབྱེའི་གསར་གཏོད་ཀྱི་ཁོར་ཡུག་གཏོད་དགོས། དྲུག་ནས་རྨང་གཞིའི་ཞིབ་འཇུག་ལ་ཕན་པའི་གསར་གཏོད་ཀྱི་ཁོར་ཡུག་བསྐྲུན་དགོས་ཤིང་། རྨང་གཞིའི་ཞིབ་འཇུག་བྱེད་པར་དངོས་པོའི་འགན་ལེན་དགོས་ལ་བསམ་པའི་ལྕག་སྐུལ་དེ་བས་ཀྱང་དགོས། རང་རྒྱལ་གྱི་ཚན་རྩལ་ལས་དོན་པ་མི་རབས་ཁ་ཤས་ཀྱིས་མུ་མཐུད་འབད་འཐབ་བྱས་ནས་བཏོད་པའི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་། ནུབ་སྤོས་སྙིང་སྟོབས། མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས། ཚན་རིག་མཁས་ཅན་གྱི་སྙིང་སྟོབས། ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་སྙིང་སྟོབས། དུས་རབས་གསར་པའི་བྱང་སྐར་སྤུན་བདུན་གྱི་སྙིང་སྟོབས་སོགས་ཀྱིས་མཉམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གསར་གཏོད་ཁོར་ཡུག་བཏོད་ཅིང་། རྨང་གཞིའི་ཞིབ་འཇུག་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་གྱུར་ཡོད། སྤྱི་ཚོགས་ཡོངས་སུ་བདེན་དོན་བརྩོན་གཉེར་དང་ཡང་རྩེར་འཛེགས་ཕོད་པའི་ཚན་རིག་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་ཁྱབ་གདལ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཚན་སློབ་མཉམ་འདྲེས་ཡོང་བར་སྐུལ་སྤེལ་ཏན་ཏིག་གཏོང་བ་བཅས་བྱས་ནས། ཚན་རིག་མཁས་ཅན་གྱི་མི་མངོན་པའི་ནུས་པ་ལྡན་ཞིང་ཚན་རིག་ཞིབ་འཇུག་གི་བྱ་གཞག་ལ་རང་ནུས་གང་ཡོད་འདོན་འདོད་ཡོད་པའི་གཞོན་ནུ་ལོ་ཆུང་གི་ཚོགས་སྤྱི་གསོ་སྐྱོང་བྱེད་དགོས།