དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སྲུང་སྐྱོང་ལས་ལ་གཞོལ། རེ་བའི་འབྲས་བཟང་སྨིན།

    —— གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་སྐྱེ་ཁམས་སློབ་གསོར་བརྟེན་ནས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་བཏང་བའི་མཐོང་ཐོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-08-01

    གཙང་གསུམ་ཆུ་འགོའི་གནས་ཡུལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་དེ་བྱང་ཁུ་ནུ་རི་བོ་དང་ལྷོ་འབྲི་ཆུ་དང་འབྲེལ་ལ། ནུབ་ངོས་སུ་རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་མི་མེད་ལུང་སྟོང་ཁུ་ཁུ་ཤིས་རི་གནས་ཡོད་པ་མ་ཟད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྲུང་སྐྱོང་ཁུལ་ཡང་དེར་ཆགས་ཡོད།

    འདི་ལོ་ལོ་25ལ་སླེབས་པའི་བསྟན་འཛིན་ལྷག་པ་ནི་ཆུ་དམར་ལེབ་རྫོང་ལྷ་ཇོ་བོའི་སྐྱེ་ཁམས་སློབ་གསོ་ས་ཚིགས་ཀྱི་ལས་དོན་པ་ཞིག་ཡིན་ཞིང་། 2021ལོར་སློབ་ཆེན་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་པ་ཞིག་བྱ་རྒྱུའི་གདམ་ག་བྱས། “ངས་སློབ་ཆེན་ནང་པར་ལེན་གྱི་ཆེད་ལས་སྦྱངས་པ་ཡིན། རང་ཉིད་ཀྱི་ཕ་ཡུལ་གཙང་གསུམ་ཆུ་འགོར་གནས་པས། དེར་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་མང་པོ་ཡོད་ལ། གཅེས་པར་འོས་པའི་འབྲོག་པའང་དེ་བས་མང་པོ་ཡོད། ངས་རང་ཉིད་ཀྱི་པར་ཆས་ལ་བརྟེན་ནས་ཕ་ཡུལ་གྱི་གཏམ་རྒྱུད་བརྒྱུད་སྤེལ་བྱེད་འདོད་ཡོད”ཅེས་བསྟན་འཛིན་ལྷག་པས་གསར་འགོད་པར་བཤད།

    མི་དེ་བས་མང་བས་གཙང་གསུམ་ཆུ་འགོ་ཤེས་རྟོགས་ཡོང་ཆེད། བསྟན་འཛིན་ལྷག་པས་རང་ཉིད་ཀྱིས་པར་དུ་བླངས་པའི་རི་སྐྱེས་སྲོག་ཆགས་དང་མཛེས་ལྗོངས་ཀྱི་བརྙན་ཐུང་ཁྱུག་དབྱིངས་དང་། བརྙན་ལམ་ཨང་རྟགས། དེབ་ཆུང་དམར་པོ་སོགས་སྤྱི་ཚོགས་ཀྱི་འབྲེལ་བའི་ལས་སྟེགས་ཐོག་བཏང་བ་དང་། དེའི་མིང་ལ“ང་ཚོའི་གཙང་གསུམ་ཆུ་འགོ”ཞེས་པའི་ཨང་རྟགས་བཀོད་པར། དྲ་དམངས་མང་པོའི་དོ་སྣང་དང་མོས་བསྟོད་ཐོབ་ཡོད། དེ་དང་ཆབས་ཅིག་ཁོང་གིས་ད་དུང་ཉེ་འགྲམ་གྱི་འབྲོག་པར་པར་རྒྱག་སྟངས་བསླབས་པ་དེས་འབྲོག་པ་མང་པོ་ཞིག་གཙང་གསུམ་ཆུ་འགོ་པར་ལེན་དྲིལ་བསྒྲགས་ཀྱི་དཔུང་ཁག་ནང་ཞུགས་པའི་ཡིད་དབང་བཀུག་ཡོད།

    བསྟན་འཛིན་ལྷག་པའི་ཤུགས་རྐྱེན་འོག་ལོ་46ལ་སླེབས་པའི་སྐྱེ་ཁམས་ལྟ་སྲུང་བ་ཀུན་དགའ་རིག་འཛིན་གྱིས་རང་དངུལ་བཏང་སྟེ་པར་ལེན་སྒྲིག་ཆས་ཉོས་ནས་སྐྱེ་ཁམས་པར་ལེན་གྱི་ལམ་བུར་བཞུད་ནས། གསའ་དང་། ཤྭ་བ་མཆུ་དཀར། ཤྭ་བ་སེར་ཆེན་སོགས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་མང་པོ་པར་དུ་བླངས་ཡོད། “ཉེ་འགྲམ་གྱི་ས་ཆ་གང་དུ་གསའ་ཡོད་པ་ཀུན་དགའ་རིག་འཛིན་གྱིས་གསལ་པོ་ཤེས་ཀྱི་ཡོད”ཅེས་བསྟན་འཛིན་ལྷག་པས་འཛུམ་དམུལ་དམུལ་ངང་བཤད།

    སྐལ་བཟང་ཚེ་རྒྱལ་མཐོང་སྐབས། ཁོང་གིས་ལག་ཏུ་པར་ཆས་ཁྱེར་བ་དང་ལུས་ལ་གྱོན་ཆས་སེར་པོ་ཞིག་གྱོན་ཞིང་། རྒྱང་རིང་ནས་བལྟས་ཚེ་ཁོང་ནི་རིའི་སྟེང་གི་བྲག་རིའི་ཚོས་གཞི་དང་མཉམ་དུ་འདྲེས་ནས་དབྱེ་བ་འབྱེད་དཀའ།

    “སྐྱེ་ཁམས་ལྟ་སྲུང་བ་ཞིག་ཡིན་པའི་ངའི་འགན་འཁྲི་གཙོ་བོ་ནི་ལྟ་ཞིབ་བྱས་ནས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་དང་ཁྱབ་ཚུལ་གྱི་འགྱུར་ལྡོག་གནས་ཚུལ་ཐོ་རུ་འགོད་རྒྱུ་དེ་ཡིན”ཞེས་སྐལ་བཟང་ཚེ་རྒྱལ་གྱིས་བཤད་པ་དང་། ཁོང་གིས་གོས་ཁྲ་ཁྲ་གྱོན་དགོས་དོན་ནི་གསའ་སོགས་ཀྱི་རི་སྐྱེས་སྲོག་ཆགས་མ་འདྲོགས་པའི་ཆེད་དུ་ཡིན་ཞེས་བཤད། 2017ལོར་གྲོགས་པོའི་ལྕག་སྐུལ་དང་ཁྲིད་སྟོན་ལ་བརྟེན་ནས་སྐལ་བཟང་ཚེ་རྒྱལ་གྱིས་རང་འགུལ་ངང་ཕྱུགས་འཚོ་མཚམས་བཞག་སྟེ་སྐྱེ་ཁམས་ལྟ་སྲུང་བ་ཞིག་བྱས་ཤིང་། མི་རབས་ནས་མི་རབས་བར་ཕྱུགས་འཚོ་བ་ནས་ཆེད་མངགས་སྐྱེ་ཁམས་སྲུང་སྐྱོང་བྱེད་མཁན་ཞིག་ཏུ་གྱུར་ནས་སྐལ་བཟང་ཚེ་རྒྱལ་གྱི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་ལས་གཙང་གསུམ་ཆུ་འགོ་ཁུལ་གྱི་འཚོ་བ་སྐྱེལ་སྟངས་དང་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མངོན་ཡོད།

    གསའ་དལ་བུར་སྐྱོད་པ་དང་། ཤྭ་བ་མཆུ་དཀར་རང་དགར་རྒྱུ་བ། གནའ་བ་ཁྱུ་དང་ཁྱུ་བྱས་ནས་རྒྱུག་པ་སོགས་པར་ཆས་ཀྱི་ཁ་ཕྱེ་མ་ཐག སྐལ་བཟང་ཚེ་རྒྱལ་གྱིས་རང་ཉིད་ཀྱིས་པར་དུ་བླངས་པའི་རི་སྐྱེས་སྲོག་ཆགས་གསར་འགོད་པར་བསྟན་ཞིང་། དེ་དག་གིས་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བ་དང་། རི་སྐྱེས་སྲོག་ཆགས་རིགས་ཁྱུའི་གྲངས་འབོར་ཇེ་མང་དུ་འགྲོ་བའི་གནས་ཚུལ་ཐོ་འགོད་གསལ་པོ་བྱས་ཡོད།

    “ང་ཚོའི་འགྲམ་གྱི་འདམ་ཆུ་ནི་འབྲི་ཆུའི་སྟོད་རྒྱུད་ཆུ་བོ་ཞིག་ཡིན་པ་དང་། ང་ཚོ་ཆུང་དུས་ནས་འབྲི་ཆུའི་ཆུ་བཏུངས་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པས། འབྲི་ཆུའི་ཆུ་འགོ་མི་སྲུང་བའི་རྒྱུ་མཚན་ག་ལ་ཡོད”ཅེས་བབ་ཆགས་པའི་བསམ་ཚུལ་ལ་བརྟེན་ནས་འབྲོག་པ་སྔར་ལས་མང་བས་རང་འགུལ་ངང་གཙང་གསུམ་ཆུ་འགོ་སྲུང་བའི་འགན་འཁྲི་འཁུར་བཞིན་ཡོད།

    “གཙང་གསུམ་ཆུ་འགོར་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་ནི་འབྲོག་པ་ཚང་མའི་ཐུན་མོང་གི་འགན་འཁྲི་ཞིག་ཡིན”ཞེས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོའི་གླིང་ཁུལ་ཆུ་དམར་ལེབ་དོ་དམ་ཁྲུའི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་ཀྱི་ཅུས་ཀྲང་སྐལ་དར་གྱིས་བཤད་པ་དང་། ཁོང་གིས་ད་ཆ་ལྷ་ཇོ་བོའི་སྐྱེ་ཁམས་སློབ་གསོའི་ས་ཚིགས་དེ་སྐྱེ་ཁམས་སྲུང་སྐྱོང་དྲིལ་བསྒྲགས་ཀྱི་ལས་སྟེགས་གཙོ་བོར་གྱུར་ནས་འབྲོག་པ་5000ལྷག་ཙམ་གྱིས་ཆེད་ལས་ལྡན་པའི་སྐྱེ་ཁམས་དྲིལ་བསྒྲགས་ཀྱི་སློབ་གསོ་སྤེལ་བཞིན་ཡོད་ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་འབྲོག་པར་དམིགས་པའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་པ་དག་གྲོང་གསེབ་དར་རྒྱས་དང་། རྩྭ་རྭ་ལྟ་སྲུང་། རི་སྐྱེས་སྲོག་ཆགས་སྐྱོབ་པ་སོགས་ཀྱི་ནང་དོན་མང་པོ་དང་འབྲེལ་ཡོད། “རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ལ་བརྟེན་ནས་གཙང་གསུམ་ཆུ་འགོའི་མི་རྣམས་ཀྱི་སེམས་ཁམས་སུ་སྔོ་ལྗང་སྲུང་སྐྱོང་བྱེད་པའི་རེ་བའི་མྱུ་གུ་འབུད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།