ཀྲུང་གོ་ནི་ཁོང་ཀོའི་ཞིང་ལས་འཕེལ་རྒྱས་ཀྱི་བློས་འགེལ་ཆོག་པའི་རོགས་ཟླ་ཡིན།
—— ཁོང་ཀོའི་ཞིང་ལས་དང་། འབྲོག་ལས། ཉ་ལས་བཅས་ཀྱི་པུའུ་ཀྲང་ཨེན་ཀོ་པོར་བཅར་འདྲི་ཞུས་པ།
ཉིན་ཤས་གོང་། ཁོང་ཀོའི་ཞིང་ལས་དང་། འབྲོག་ལས། ཉ་ལས་བཅས་ཀྱི་པུའུ་ཀྲང་པའོ་ལོའུ·ཝ་ལང་ཐན·ཨེན་ཀོ་པོས་ཁོང་ཀོའི་རྒྱལ་ས་པུ་ར་ཙ་ཝེར་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་ནི་ཁོང་ཀོའི་ཞིང་ལས་འཕེལ་རྒྱལ་ཀྱི་བློས་འགེལ་ཆོག་པ་དང་ཡིད་ཆེས་བྱེད་ཆོག་པའི་རོགས་ཟླ་ཞིག་རེད་ཅེས་བརྗོད་པ་རེད།
ཨེན་ཀོ་པོས། 1964ལོར་ཕྱི་འབྲེལ་བཙུགས་ཚུན། ཁོང་ཀྲུང་རྒྱལ་ཁབ་གཉིས་པོའི་ཞིང་ལས་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་འབྲེལ་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱང་ཐོབ་ཡོད། ལོ་མང་རིང་། ཀྲུང་གོས་འབྲུ་རིགས་རོགས་སྐྱོར་བྱས་ནས་ཁོང་ཀོའི་ཁྱིམ་ཚང་མང་པོར་ཕན་པ་བསྐྲུན་ཡོད་ལ། ཀྲུང་གོས་ཐོན་སྐྱེད་བྱས་པའི་ཞིང་སྤྱོད་འཕྲུལ་འཁོར་ཡང་ཁོང་ཀོའི་ཞིང་ནང་དུ་སྤྱོད་བཞིན་ཡོད་པ་དང་། ཀྲུང་གོའི་ས་བོན་གྱི་ལོ་ཏོག་ལ་ལོ་བསྟུད་མར་ལོ་ལེགས་བྱུང་སྟེ། ཁོང་ཀོའི་ཞིང་དུད་མང་པོ་ཞིག་དབུལ་སྒྲོལ་ཐུབ་པར་རམ་འདེགས་བྱས་ཡོད་ཅེས་བརྗོད་པ་རེད།
ཨེན་ཀོ་པོས་ཁོང་ཀྲུང་རྒྱལ་ཁབ་གཉིས་པོའི་ཞིང་ལས་གསོ་སྦྱོང་མཉམ་ལས་ལ་མཐོང་ཆེན་པོ་བྱེད་པ་དང་། གྲོང་ཁྱེར་པུ་ར་ཙ་ཝེར་གྱི་གྲོང་འདབས་སུ་གནས་པའི་ཀྲུང་གོའི་ཞིང་ལས་ལག་རྩལ་དཔེ་སྟོན་ལྟེ་གནས་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས“དངོས་ཟོག་ནི་ཉིན་ཞིག་སྤྱད་ཚར་བ་དང་ཕན་མེད་དུ་གྱུར་གྱི་ཡོད། འོན་ཀྱང་གསོ་སྦྱོང་བྱས་ནས་ཤེས་པའི་ཤེས་བྱ་ནི་ནམ་ཡང་གནས་ཐུབ”ཅེས་བརྗོད།
ལྟེ་གནས་དེ་2012ལོའི་ཟླ་9པར་དངོས་སུ་སྤྱོད་འགོ་ཚུགས་པ་ནས་བཟུང་། ཀྲུང་གོའི་ཞིས་ལས་རིགས་གཅིག་མཁས་ཅན་གྱིས་དུས་བཀག་ལྟར་འདི་གར་གསོ་སྦྱོང་འཛིན་གྲྭ་གཉེར་ནས་སྔོན་ཐོན་གྱི་ཞིང་ལས་ལག་རྩལ་ས་གནས་དེ་གའི་ཞིང་པ་དང་ཞིང་ལས་དཔོན་རིགས་ལ་བསླབས་ཀྱི་ཡོད་པས། “ཚན་རིག་ཁྱབ་གདལ་དང་། གསོ་སྦྱོང་། ཞིབ་འཇུག”བཅས་གཞི་གཅིག་ཅན་མངོན་འགྱུར་བྱུང་ནས་ས་གནས་དེ་གའི་ཞིང་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་ཆེན་པོ་ཐོན་ཡོད།
ཨེན་ཀོ་པོས། དཔེ་སྟོན་ལྟེ་གནས་དེ་ས་གནས་དེ་གའི་མི་ཚང་མས་ཤེས་ཀྱི་ཡོད་ལ། མི་མང་པོ་ཞིག་འདི་གར་ལས་ཀ་འཚོལ་བའམ་ཡང་ན་གསོ་སྦྱོང་གི་གོ་སྐབས་ཡོད་མིན་འདྲི་བར་ཡོང་གི་ཡོད་ཅེས་བརྗོད།
“ཀྲུང་གོའི་འདེབས་འཛུགས་ལས་རིགས་དང་། འབྲོག་ལས། ཉ་ལས་སོགས་ཀྱི་ཉམས་མྱོང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཞིང་ལས་ལག་རྩལ་དཔེ་སྟོན་ལྟེ་གནས་ཀྱིས་ཀྲུང་གོས་ཁོང་ཀོར་ཞིང་ལས་ཤེས་བྱ་སློབ་ཁྲིད་བྱེད་པའི་སྒོ་མོ་ཕྱེ་ཡོད”ཅེས་ཨེན་ཀོ་པོས་བརྗོད་པ་དང་། ཁོང་གིས་ཆུ་འབྲས་སོགས་ལོ་ཏོག་འདེབས་འཛུགས་ཐད་ཀྱི་ཀྲུང་གོའི་ཉམས་མྱོང་ཡག་པོར་བརྟེན་ནས་ཁོང་ཀོའི་ཞིང་ལས་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་སྐྱེད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
ཨེན་ཀོ་པོས་ད་དུང་། ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་གཉེར་སྐྱོང་དོ་དམ་ཡག་པོ་དང་ཁ་འབྲལ་ཐབས་མེད། ཞིང་ལས་ལག་རྩལ་ཕུད། ཁོང་ཀོས་ད་དུང་ཀྲུང་གོའི་ཞིང་ལས་རིགས་གཅིག་མཁས་ཅན་གྱིས་མུ་མཐུད་དོ་དམ་གྱི་ཉམས་མྱོང་ཡག་པོ་དག་མཉམ་སྤྱོད་བྱས་ནས་ཁོང་ཀོའི་ཞིང་ལས་འཕེལ་རྒྱས་སྤུས་ཚད་མཐོ་རུ་དང་རིམ་སྤར་ཡོང་བར་རམ་འདེགས་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
(ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་ར་ཙ་ཝེར་ནས་འབྱོར་བའི་གློག་འཕྲིན)