དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རི་མགོ་མཐོན་པོའི་འདབས་ཀྱི་སྐལ་བཟང་མེ་ཏོག

    —— རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བའི་གཞིས་རྩེའི་བརྟག་ཞིབ་བྱ་སྤྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-01

    མཐའ་མཚམས་དར་ན་མཐའ་མཚམས་མི་སེར་ཕྱུག་པོ་ཆགས་པ་དང་མཐའ་མཚམས་མི་སེར་ཕྱུག་པོ་ཆགས་ན་མཐའ་སྲུང་བརྟན་པོ་ཡོང་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་མཛུབ་ཁྲིད་འོག་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་མཐའ་བརྟན་མཐའ་སྲུང་གི་ཁ་ཚ་དགོས་གཏུགས་དང་མཐའ་མཚམས་མི་སེར་དང་མང་ཚོགས་ཀྱི་རེ་སྒུག་ཆེན་པོ་འཇུག་གཞི་དང་ཚད་ལས་རྒལ་སར་མཐའ་འཁྱོངས་བརྩིས་ཏེ་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་བས། མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ་དང་། འཚོ་བ་ཕྱུག་ཏུ་ཕྱིན་པ། རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།

    ལྗོངས་ཡོངས་སུ་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱས་པར་ཕན་འབྲས་གང་འདྲ་ཐོན་ཡོད་དམ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཚད་གང་འདྲ་ཡོད་དམ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་གང་འདྲ་ཡོད་དམ། དོགས་དྲི་འདི་དག་འཆང་བཞིན་གསར་འགོད་པས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་ཚོགས་ཆུང་དང་མཉམ་དུ་གཞིས་རྩེ་གྲོང་ཁྱེར་གྱི་ཁང་དམར་རྫོང་དང་། གམ་པ་རྫོང་། དིང་རི་རྫོང་། སྐྱིད་གྲོང་རྫོང་བཅས་རྫོང་བཞིའི་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་དང་བཅར་འདྲི་བྱས་པ་ཡིན།

    ཕྱི་ནང་བཀོད་པ་ལེགས་སུ་ཕྱིན་པས་འཚོ་བ་སྐྱིད་དུ་སོང་བ།

    བརྟག་ཞིབ་ཚོགས་ཆུང་ཁང་དམར་རྫོང་ས་ཕུད་སྒང་ཤང་གི་གླང་པ་གྲོང་ཚོར་སྐྱོད་སྐབས་གསང་སྤྱོད་སྒྱུར་བཀོད་རྣམ་གྲངས་ཚ་ཚ་འུར་འུར་ངང་ལག་ལེན་བསྟར་བཞིན་འདུག

    2019ལོ་ནས་བཟུང་རང་ལྗོངས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་གཞིགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གསང་སྤྱོད་བསྐྱར་སྐྲུན་རྒྱས་སྐྲུན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་ཞིང་འབྲོག་ཁུལ་གྱི“གསང་སྤྱོད་གསར་བརྗེར”ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཞིང་འབྲོག་ཁུལ་གྱི་གསང་སྤྱོད་ཁྲི་10.47སྒྱུར་བཀོད་བྱས་པ་དེས་ཁྱབ་གདལ་གཏོང་ཚད་75.31%ཟིན་ཡོད། 2023ལོར་གསང་སྤྱོད་12078སྒྱུར་བཀོད་བྱ་རྩིས་ཡོད་པ་དང་མིག་སྔར་དུད་ཚང་7104ཡི་གསང་སྤྱོད་སྒྱུར་བཀོད་ཟིན་ནས་ལེགས་སྒྲུབ་ཐུབ་ཚད་58.82%ཟིན་ཡོད།

    བརྟག་ཞིབ་ཚོགས་ཆུང་གིས་གླང་པ་གྲོང་ཚོའི་དུད་ཚང་111གི་གསང་སྤྱོད་སྒྱུར་བཀོད་ཟིན་པ་ཤེས་རྟོགས་བྱུང་ཡོད། གྲོང་མི་མཚམས་གཅོད་ཁྱིམ་དུ་བརྟག་ཞིབ་ཚོགས་ཆུང་གིས་གསང་སྤྱོད་སྒྱུར་བཀོད་དང་བེད་སྤྱོད་བྱས་ཚུལ་ལ་བལྟས་པ་རེད། “ང་ཚོའི་གསང་སྤྱོད་2020ལོར་སྒྱུར་བཀོད་ཡག་པོ་ཟིན་ནས་གསང་སྤྱོད་ཧ་ཅང་གཙང་ལ་དྲི་མ་མེད་པ་མ་ཟད། བེད་སྤྱོད་ཀྱང་གཏོང་བདེ་པོ་འདུག ད་ཆ་གྲོང་ཚོའི་ས་འོག་ཆུ་འགྲོ་དང་ལམ་གསར་པ་བཟོ་བཞིན་ཡོད། ཟླ་བ་ཁ་ཤས་སོང་རྗེས་གྲོང་ཚོའི་ཕྱི་ནང་བཀོད་པ་ཧ་ཅང་ལེགས་སུ་འགྲོ་རྒྱུ་རེད”ཅེས་མཚམས་གཅོད་ཀྱིས་འཛུམ་དམུལ་དམུལ་ངང་གསར་འགོད་པར་བཤད་བྱུང་།

    གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེ”ལག་ལེན་ཤུགས་ཆེན་བསྟར་ཡོད། དེ་ནི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་པའི་ལས་དོན་ཞིག་དང་། རང་ལྗོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་མཚོན་ཚུལ་ཞིག་ཡིན།

    སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་ས་ལེ་ཤང་ཁ་སྤང་གྲོང་ཚོར་བརྟག་ཞིབ་ཚོགས་ཆུང་ལ་གྲོང་མི་སྐལ་བཟང་འཕྲད་བྱུང་། “ཁྱེད་ཚོའི་ཁྱིམ་དུ་མི་ག་ཚོད་ཡོད་དམ། ཡོང་འབབ་གང་འདྲ་འདུག འཐུང་ཆུ་དང་གློག་སྤྱོད་འགན་ལེན་ཐུབ་བམ། གསང་སྤྱོད་སྒྱུར་བཀོད་བྱས་རྗེས་བེད་སྤྱོད་གཏོང་བདེ་པོ་འདུག་གམ”ཞེས་བརྟག་ཞིབ་ཚོགས་ཆུང་གིས་སྐད་ཆ་དྲིས་རྗེས་སྐལ་བཟང་ཁྱིམ་དུ་གནས་ཚུལ་ལ་ལྟ་ཞིབ་བྱེད་པར་ཕྱིན་པ་ཡིན། “ད་ཆ་ང་ཚོར་ཆུ་གཙང་མ་འཐུང་རྒྱུ་ཡོད་པ་མ་ཟད། ཉིན་མཚན་དབྱེར་མེད་དུ་གློག་ཀྱང་བརྟན་པོ་ཡོད་པས་ཆུ་དང་གློག་གི་ཐད་ལ་སེམས་ཁྲལ་བྱེད་དགོས་མེད། གསང་སྤྱོད་སྒྱུར་བཀོད་བྱས་རྗེས་གཙང་ལ་ཧ་ཅང་སྟབས་བདེ་པོ་འདུག”ཅེས་སྐལ་བཟང་གིས་བཤད།

    ཐོན་ལས་སྣེ་ཁྲིད་ཀྱིས་འབབ་འཕར་ལ་སྐུལ་འདེད་ཐུབ་པ།

    དགྱེས་རུ་གྲོང་ཚོ་ནི་གམ་པ་རྫོང་གམ་པ་གྲོང་རྡལ་གྱི་ཤར་རྒྱུད་དུ་ཆགས་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་5050ཟིན་ཞིང་། འདི་གར“ཕྱུགས་འཚོ་ཞོར་དུ་མཐའ་མཚམས་སྲུང་བའི”སེམས་མཐུན་མཐའ་བརྟན་ལུག་གསོ་མཉམ་ལས་ཁང་བཙུགས་ནས་མང་ཚོགས་ལ་འབབ་འཕར་ལ་སྐུལ་ཁྲིད་བྱེད་བཞིན་ཡོད།

    “མཉམ་ལས་ཁང་དུ་ད་ཆ་གམ་པའི་ལུག་མགོ་གྲངས་1200ཡོད་པ་དང་2022ལོར་གྲོང་མི་ཚོར་བགོ་འགྲེམས་སྒོར་ཁྲི་39བརྒྱབ་ཡོད། ད་ཆ་ང་ཚོས་གསོ་ཚགས་གཞི་ཁྱོན་རིམ་བཞིན་ཆེ་རུ་བཏང་བས་ཡོང་འབབ་སླར་ཡང་མང་དུ་འགྲོ་ངེས་རེད”ཅེས་མཉམ་ལས་ཁང་གི་ལས་འཛིན་དཔོན་ཚེ་དབང་དོན་གྲུབ་ཀྱིས་ངོ་སྤྲོད་བྱས།

    བསྟན་འཛིན་དངོས་གྲུབ་ནི་དིང་རི་རྫོང་སྒང་དཀར་གྲོང་རྡལ་དབང་པོ་སྐྱོན་ཅན་མི་རིགས་ལག་ཤེས་བཟོ་ལས་ཆེད་ལས་མཉམ་ལས་ཁང་གི་ཏུང་ཧྲི་ཀྲང་ཡིན་ཞིང་། དེ་སྔ་ཁོང་ལ“རྒྱལ་ཡོངས་ཀྱི་གྲོང་གསེབ་གཞོན་ནུའི་ཕྱུག་འགྱུར་སྣེ་ཁྲིད་པ”དང་། “བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར”སོགས་ཀྱི་མཚན་སྙན་ཐོབ་ཡོད།

    ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན་པ་དང་ལས་ཞུགས་བརྟན་པོ་ཡོང་བ་བྱ་རྒྱུ་ནི་རྒྱ་ཆེའི་དབང་པོ་སྐྱོན་ཅན་ཚོའི་བསམ་འདུན་ཆེ་ཤོས་རེད། བསྟན་འཛིན་དངོས་གྲུབ་ཀྱི་སྣེ་ཁྲིད་འོག་མཉམ་ལས་ཁང་གིས་དཀའ་ངལ་ཡོད་པའི་མང་ཚོགས་དང་དབང་པོ་སྐྱོན་ཅན་116ལས་ཞུགས་ཐུབ་པ་དང་། ལོའི་ཡོང་འབབ་སྒོར་ཁྲི་900ལྷག་ཙམ་ཟིན་གྱི་ཡོད།

    སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་ས་ལེ་ཤང་ཁ་སྤང་གྲོང་ཚོ་ནས་མཐའ་མཚམས་ལམ་ཐིག་དབར་ལམ་ཐག་སྤྱི་ལེ་0.9ཡོད་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་3900ཟིན་གྱི་ཡོད། བརྟག་ཞིབ་ཚོགས་ཆུང་གིས་ཁ་སྤང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ལས་དོན་སྤེལ་ཚུལ་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་པ་ཡིན། “ཁ་སྤང་གྲོང་ཚོའི་འབྲི་མར་ཉེ་རིང་གང་སར་སྐད་གྲགས་ཆོད་ཡོད་པ་དང་། རྒྱ་མ་རེར་སྒོར་80རག་གི་ཡོད་ཅིང་། དེ་ནི་གྲོང་མིའི་ཡོང་འབབ་ཀྱི་ཡོང་ཁུངས་གཙོ་བོའི་གྲས་ཤིག་རེད། གོམ་སྟབས་རྗེས་མར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མཐའ་མཚམས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། གྲོང་མིའི་ཡོང་འབབ་མང་དུ་གཏོང་བ། སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཏེ་གཙང་ལ་གྲལ་འགྲིག་པ་དང་སྐྱེ་ཁམས་གནས་འཕྲོད་ལས་འཚམ་གྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཡིད་འོང་འཆར་འགོད་རི་མོ་གསར་པ་ཞིག་འགོད་རྒྱུ་རེད”ཅེས་གྲོང་ཚོའི་ཀྲུའུ་རེན་ནོར་བུས་བཤད།

    གྲོང་གསེབ་དར་རྒྱས་གཏོང་བར་ཐོན་ལས་དར་རྒྱས་གཏོང་བ་ནི་འགག་རྩ་ཡིན། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་ནང་རང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱིས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་མཐའ་མཚམས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རིམ་བཞིན་རྒྱ་ཆེར་བཏང་བས། འཚོ་བའི་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་པ་དང་བདེ་སྐྱིད་ཀྱི་འཚོ་བ་སྔར་བས་ཡག་ཏུ་ཕྱིན་ཡོད།

    ཡུལ་སྐོར་ལས་རིགས་དར་བས་གྲོང་ཚོ་སྐད་གྲགས་ཆོད་པ།

    ཁང་དམར་རྫོང་གླང་པ་གྲོང་ཚོར་ད་བར་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་གླང་མཐོང་གཞིས་ཀ་ཟེར་བ་ཞིག་ཡོད་པ་དང་། ད་ཆ་དེ་གླང་པ་གྲོང་ཚོས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལེགས་ཆའི་ཐོན་ཁུངས་ལ་གྱུར་ཡོད།

    “གླང་མཐོང་གཞིས་ཀ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞིག་ཡིན་པ་མ་ཟད། ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་ཀྱང་ཡིན། འདི་ལོའི་ཟླ་6པར་གླང་པ་གྲོང་ཚོའི་གྲོང་གསེབ་ཀྱི་འཛུགས་སྐྲུན་རྣམ་གྲངས་ལས་མཇུག་འགྲིལ་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཤུགས་ཆེན་ཕྱིན་ཏེ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་ལ། ཡུལ་སྐོར་ལས་རིགས་སྔར་བས་གོང་མཐོར་བཏང་ནས་གྲོང་མིའི་འབབ་འཕར་བྱེད་ནུས་ཀྱང་ཆེ་རུ་འགྲོ་རྒྱུ་རེད”ཅེས་ཁང་དམར་རྫོང་ས་ཕུད་སྒང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་ངག་དབང་གིས་གསར་འགོད་པར་བཤད་བྱུང་།

    རྡོ་རྗེ་ནི་ཇོ་མོ་གླང་མའི་གཡག་མགོ་ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་རེད། “ན་ནིང་རིམས་ནད་དབང་གིས་མགྲོན་ཁང་ལ་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་ལས་མ་བྱུང་། ད་ལོ་ཡུལ་སྐོར་བ་ཧ་ཅང་མང་བས་ངའི་ཐོག་སོ་གསུམ་ལྡན་གྱི་མགྲོན་ཁང་ཉིན་ལྟར་རྡག་རྡག་རེད། སྐབས་འགར་ཡུལ་སྐོར་བས་ངེས་པར་དུ་ཁང་པ་སྔོན་མངགས་བྱེད་དགོས་ཀྱི་ཡོད། སྔོན་དཔག་ལྟར་ན་ད་ལོ་ཡོང་འབབ་སྒོར་ཁྲི་300ཡོང་རེ་ཡོད། སྔོན་ཆད་ཕ་ཡུལ་དུ་ཕྱུགས་འཚོ་བ་དང་ད་ཆ་མགྲོན་ཁང་གཉེར་སྐྱོང་བྱས་པས་ཡོང་འབབ་ཧ་ཅང་མང་དུ་ཕྱིན་སོང་། ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ང་ཚོ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་རྡོ་རྗེས་གསར་འགོད་པར་བཤད་བྱུང་།

    གཞིས་རྩེར་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ལ་རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པས། དེ་ནི་རང་ལྗོངས་ཀྱི་ཡུལ་སྐོར་དམིགས་སའི་ཁུལ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་གཞིས་རྩེས་ཁུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་བཏོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ། མཉམ་འདྲེས་འཕེལ་རྒྱས་བཅས་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཡུལ་སྐོར་དང་། གསར་བརྗེའི་ཡུལ་སྐོར། གྲོང་གསེབ་ཀྱི་ཡུལ་སྐོར་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ས་གནས་དེ་གའི་མང་ཚོགས་ཀྱིས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་གང་ཐུབ་བྱས་པས་ཕྱུག་འགྱུར་ལམ་བུར་བསྐྱོད་ཐུབ་ཡོད།

    སྐྱིད་གྲོང་གྲོང་རྡལ་དང་བར་ཐག་སྤྱི་ལེ་གསུམ་ཙམ་ཆོད་པའི་སྐྱིད་ཕུག་གྲོང་ཚོ་ཡོངས་ཀྱི་དུད་ཚང་39ཡི་ཁྲོད་དུད་ཚང་19ཡིས་དམངས་སྲོལ་གནས་ཚང་19གཉེར་ཡོད། “ངའི་དམངས་སྲོལ་གནས་ཚང་གྲོང་ཚོའི་མདོར་ཡོད་པས་ཆགས་སྟངས་ལེགས་ཙམ་ཡོད། ངས་ད་དུང་ཚོང་ཁང་བཙུགས་ནས་བཏུང་བྱ་སྣ་ཚོགས་དང་། ཞོག་ཁོག སྒོ་ང་། ཞོ་སོགས་འཚོང་གི་ཡོད། ལོ་འགོ་ནས་ད་བར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་བྱུང་། སྔོན་དཔག་ལྟར་ན་ལོ་ཧྲིལ་པོར་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་ཡོང་རེ་འདུག”ཅེས་བློ་བཟང་གིས་རང་ཉིད་ཀྱི་ཚོང་གི་སྐོར་གླེང་སྐབས་སྤྲོ་སྣང་ཆེན་པོས་བཤད།

    རྒྱལ་གཅེས་ཁྱིམ་གཅེས་ཀྱིས་མཐའ་མཚམས་སྲུང་བ།

    གམ་པ་རྫོང་གམ་པ་གྲོང་རྡལ་དགྱེས་རུ་གྲོང་ཚོར་བརྟག་ཞིབ་ཚོགས་ཆུང་དང་བཅས་པར་དགྱེས་རུ་གྲོང་ཚོའི་ཡུལ་དམག་རུ་ཁག་གི་ཕའེ་ཀྲང་སྐལ་ནོར་བུ་འཕྲད་བྱུང་།

    དགྱེས་རུ་གྲོང་ཚོ་ནས་མཐའ་མཚམས་ལམ་ཐིག་དབར་བར་ཐག་སྤྱི་ལེ་5ཙམ་ཡོད། ཆ་སྙོམས་ས་བབ་མཐོ་ཚད་སྨི་5050ཟིན་པ་དང་ལོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་5ཟིན་གྱི་ཡོད། མཐོ་གྲང་གསོ་རླུང་དཀོན་པའི་མཐའ་མཚམས་གྲོང་ཚོ་ཆུང་ངུར་སྐལ་ནོར་བུ་དང་འདྲ་བའི་མཐའ་མཚམས་མང་ཚོགས་ཀྱིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་མཐའ་སྲུང་ལམ་ཐིག་བརྟན་པོར་སྲུང་བཞིན་ཡོད།

    “རྒྱལ་ཁབ་བརྟན་ལྷིང་མེད་ན་ཁྱིམ་ཚང་འཆམ་མཐུན་ཡོང་མི་སྲིད”འདི་ནི་སྐལ་ནོར་བུས་རྟག་ཏུ་ཤོད་པའི་སྐད་ཆ་ཞིག་ཡིན་པ་སྟེ“ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་ལྷག་བསམ་རྣམ་དག་གི་མཐའ་མཚམས་སྲུང་དམག་ཞིག་བྱེད་དགོས”དེ་ནི་སྐལ་ནོར་བུས་ཟིན་དེབ་ཐོག་བྲིས་པའི་ཆོད་སེམས་ཤིག་ཡིན།

    སྐལ་ནོར་བུ་ནད་ཀྱིས་མནར་སྐབས་མཐའ་སྲུང་དཔོན་དམག་གིས་མཐའ་སྲུང་དོ་དམ་ཚོད་འཛིན་གྱི་ཆེད་དོན་བྱ་སྤྱོད་སྤེལ་རྩིས་ཡོད་པ་ཤེས་སྐབས་འཕྲལ་མར་སྨན་ཆུ་བླུག་མཚམས་བཞག་པ་དང་ནད་གོས་ཕུད་ནས་ནང་མིར་གོ་སྐོན་བློ་འགུག་གིས་འཕྲལ་དུ་འཐབ་ས་དང་པོར་བསྐྱོད་པའི་རེ་འདུན་ཞུས། མཐའ་སྲུང་དོ་དམ་ཚོད་འཛིན་གྱི་བྱ་སྤྱོད་ཀྱི་ལས་འགན་སྒྲུབ་སར་སླེབས་རྗེས་སྐལ་ནོར་བུས་བསྟུད་མར་ཉིན་10ལྷག་ཙམ་འབད་འཐབ་བྱས་མཐར་ནད་གཞི་སྔར་བས་ཇེ་སྡུག་ཏུ་སོང་སྟེ་ལས་གནས་སུ་དྲན་མེད་དུ་འགྱེལ།

    བུ་གཉེན་སྒྲིག་བྱེད་སྐབས་དཔྱིད་གསར་དུས་ཆེན་དང་སྐབས་འཁེལ་བས་སྤུན་མཆེད་དང་གྲོགས་པོ་གྲོགས་མོ་ཚང་མ་གཉེན་སྒྲིག་མཛད་སྒོར་གྲ་སྒྲིག་བྱེད་པར་སླེབས་ཡོད། འོན་ཀྱང་སྐལ་ནོར་བུའི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད། དུས་ཆེན་སླེབས་རིམ་བཞིན་མཐའ་མཚམས་ཀྱི་སྐོར་གཡེང་དེ་བྲེལ་འཚུབ་ཆེ་སྒང་དུ་སླེབས་པ་དང་སྐབས་དེར་སྐལ་ནོར་བུས་རུ་མི་རྣམས་འཁྲིད་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོར་སྐོར་གཡེང་བྱེད་བཞིན་ཡོད། “མཐའ་མཚམས་ལྷིང་འཇགས་མེད་ན་དུས་བདེའི་འཚོ་བ་སྐྱེལ་མི་ཐུབ། མཐའ་སྲུང་བརྟན་པོ་བྱུང་ཚེ་ཕྲུ་གུའི་གཉེན་སྒྲིག་དེ་བས་འཁྲུག་པོ་གཉེར་ཆོག”ཅེས་སྐལ་ནོར་བུས་སྤུན་མཆེད་དང་གྲོགས་པོ་གྲོགས་མོ་ཚོར་འགྲེལ་བཤད་དེ་ལྟར་བརྒྱབ།

    དཀའ་བ་དུ་མ་འཕྲད་ཀྱང་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་སྦར་མཐིལ་ཙམ་ཡང་བརྟན་སྲུང་བྱེད། སྐལ་ནོར་བུས་བགྲང་བྱ་30ལྷག་ཙམ་ཉིན་གཅིག་ལྟར་མཐའ་སྲུང་ལམ་ཐིག་ཐོག་སྐོར་གཡེང་བྱས་ནས་འཁང་ར་སྤུ་ཙམ་ཡང་མེད་པར་མེས་རྒྱལ་གྱི་མཐའ་མཚམས་སྲུང་བཞིན་ཡོད་པས་སྔ་རྗེས་སུ“བརྟན་ལྷིང་སྲུང་སྐྱོང་དང་མཐའ་མཚམས་སྲུང་བའི་སྔོན་ཐོན་མི་སྒེར”དང་། “རྒྱལ་ཡོངས་ཀྱི་ཡུལ་དམག་ལས་དོན་གྱི་སྔོན་ཐོན་མི་སྒེར”“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་མངོན་གསལ་དོད་པའི་ལེགས་སྐྱེས་བྱ་དགའ། “རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

    བརྟག་ཞིབ་ཚོགས་ཆུང་གིས་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་བཞི་ཡི་གྲོང་ཚོ་12ཀྱི་དུད་ཚང་30ཡི་གྲོང་མིར་བཅར་འདྲི་བྱེད་སྐབས། མི་རིགས་ཁག་གི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་བློ་ལ་བརྟན་པོར་ངེས་ནས་མཐའ་མཚམས་ལ་གཞི་ཚུགས་པ་དང་མཐའ་མཚམས་འཛུགས་སྐྲུན་བྱས་ཏེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞིག་བྱ་རྒྱུའི་བརྩོན་ལེན་བྱས་ནས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་མཐའ་དར་དམངས་ཕྱུག་གི་བཀྲག་མདངས་འཚེར་བའི་མཛེས་ལྗོངས་ལམ་ཐིག་ཤིག་ཏུ་གྱུར་ཡོད་པ་ང་ཚོར་མྱོང་ཚོར་གཏིང་ཟབ་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།