དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་དྲ་རྒྱའི་གཏུམ་སྤྱོད་ལ་བཅོས་སྒྲིག་ཤུགས་ཆེན་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-07-31

    ཀྲུང་གོས་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དྲ་སྦྲེལ་སྤྱོད་མཁན་ལ་དྲ་རྒྱའི་གཏུམ་སྤྱོད་ཀྱི་གནོད་འཚེ་མི་ཕོག་པར་བྱེད་ཀྱི་ཡོད། མིག་སྔར་ཀྲུང་གོར་དྲ་སྦྲེལ་སྤྱོད་མཁན་དུང་ཕྱུར་10ཡན་ཟིན་ཡོད།

    ཉེ་ཆར། ཀྲུང་གོ་དྲ་སྦྲེལ་ལྟ་འདོམས་སྒྲིག་གཞི་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གིས《དྲ་རྒྱའི་གཏུམ་སྤྱོད་ཆ་འཕྲིན་བཅོས་སྒྲིག་གི་གཏན་འབེབས(བསམ་འཆར་བསྡུ་ལེན་མ་ཟིན)》སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུས་པ་རེད། གཏན་འབེབས་འདིའི་གཙོ་གནད་ནི་དྲ་རྒྱའི་གཉེར་སྐྱོང་ཚོང་པས་འཁུར་དགོས་པའི་འགན་འཁྲི་རེད། ཀྲུང་གོ་སྲིད་གཞུང་གིས་ཡིག་ཆ་དེ་བརྒྱུད་ལག་རྩལ་གྱི་བྱེད་ཐབས་གསར་པ་སྤྱད་དེ་དྲ་རྒྱའི་གཏུམ་སྤྱོད་ཀྱི་ཆ་འཕྲིན་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།

    ཀྲུང་གོར་ཐད་གཏོང་དང་བརྙན་ཐུང་ལས་སྟེགས་སྤྱོད་མཁན་གྱི་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད། གཏན་འབེབས་དེས་དྲ་སྦྲེལ་ཞབས་འདེགས་ཞུ་མཁན་ཚོང་པར་ཉེན་བརྡ་གཏོང་བ་དང་། ལྟ་ཞིབ་ཚད་ལེན། སྙན་སེང་བཅས་ཀྱི་མ་ལག་བཙུགས་ཏེ་དྲ་རྒྱའི་གཏུམ་སྤྱོད་བྱེད་སྤྱོད་ལ་ཁ་གཏད་གཅོག་པའི་ལྕག་སྐུལ་བྱས་པ་རེད། གཏན་འབེབས་སུ་དྲ་རྒྱའི་ཆ་འཕྲིན་ཞབས་འདེགས་ཞུ་མཁན་གྱིས་དུས་ཐོག་ཏུ་ཐག་གཅོད་མ་བྱས་པའི་རྐྱེན་གྱིས་སྤྱི་དམངས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ལ་གནོད་འཚེ་བཟོ་བ་སོགས་མཇུག་འབྲས་ཚབས་ཆེན་ཐོན་ཚེ་སྒོར་ཁྲི་10ཡན་ནས་སྒོར་ཁྲི་20མན་བར་གྱི་དངུལ་ཆད་གཅོད་དགོས་ཞེས་འཁོད་ཡོད། གཏན་འབེབས་སུ་ད་དུང་དྲ་སྦྲེལ་གཉེར་སྐྱོང་ཚོང་པས་དུས་བཀག་ལྟར་དྲ་རྒྱའི་གཏུམ་སྤྱོད་བྱེད་སྤྱོད་ལ་རྡུང་རྡེག་གཏོང་རྒྱུའི་སྐོར་གྱི་སྙན་སྒྲོན་ཁྱབ་བསྒྲགས་བྱེད་དགོས་པ་མ་ཟད། དྲ་རྒྱའི་གཏུམ་སྤྱོད་ཀྱི་ཉེན་ཁ་ཤེས་རྗེས་སྤྱི་དམངས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་འདེབས་དགོས་པའི་བླང་བྱའང་བཏོན་ཡོད་པ་རེད།

    ཀྲུང་གོ་ནི་འཛམ་གླིང་དུ་རྩིས་འཁོར་ཅན་གྱི་ཚད་གཞི་མཐོ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་སྤྱིར་ན་ཞབས་འདེགས་ཚང་མ་དྲ་སྦྲེལ་དང་འབྲེལ་ཡོད། སྲིད་གཞུང་གིས་ལས་རིགས་དེའི་འགོ་པར་ལྟ་འདོམས་བྱེད་པ་མ་ཟད། མི་སྒེར་གྱི་གྲངས་གཞི་སྲུང་སྐྱོང་དང་ཐག་གཅོད་བྱེད་པ་དང་། སྒེར་སྡེམ་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་ཉེན་ཁ་ཆུང་དུ་གཏོང་བ་བཅས་དང་འབྲེལ་བ་ཡོད་པའི་ཁྲིམས་སྲོལ་ལ་ཤུགས་སྣོན་བརྒྱབ་ཡོད།

    — ལ་ཏིང་མེ་གླིང་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།