གེ་སར་རྐང་རྩེད་སྤོ་ལོའི་རུ་ཁག་གིས“གྲོང་གསེབ་ཀྱི་རྐང་རྩེད་སྤོ་ལོའི་རིམ་འདས་མཉམ་འགྲན”ཐོག་ཏུ་སྤོར་རྩལ་ངོམས་པ།
ཉེ་ཆར། དམིགས་བསལ་གྱི་རྐང་རྩེད་སྤོ་ལོའི་ཐད་གཏོང་གིས་གྲོགས་ཚོམས་ཡོངས་སུ་ཁེངས། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གེ་སར་རྐང་རྩེད་སྤོ་ལོའི་རུ་ཁག་ལེ་དབར་སྟོང་གིས་ཆོད་པའི་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་ཀྲོའུ་ཤར་ལྷོའི་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་རུང་ཅང་རྫོང་གི“གྲོང་གསེབ་ཀྱི་རྐང་རྩེད་སྤོ་ལོའི་རིམ་འདས་མཉམ་འགྲན”འགྲན་རར་བསྐྱོད་ནས། རྐང་རྩེད་སྤོ་ལོའི་ཕུགས་འདུན་མངོན་པར་རྐང་རྩེད་སྤོ་ལོའི་བརྩེ་སེམས་ཀྱི་ལེའུ་ཞིག་མུ་མཐུད་བརྩམས་ཡོད།
གཙང་གསུམ་ཆུ་འགོའི་ཨ་མྱེས་རྨ་ཆེན་འདབས་ཀྱི་མགོ་ལོག་རུ་ཁག་ནི་རྒྱལ་ཡོངས་ནས་གདན་ཞུས་ཐོབ་པའི“གྲོང་གསེབ་ཀྱི་རྐང་རྩེད་སྤོ་ལོའི་རིམ་འདས་མཉམ་འགྲན”ནང་ཞུགས་མཁན་རུང་ཅང་ཕུད་པའི་སྤོ་ལོའི་རུ་ཁག་ཐོག་མ་དེ་རེད། མགོ་ལོག་ཀྲོའུ་ཡི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པ་དང་དེ་གར་ལོ་རྒྱུས་སྙན་ངག《གླིང་སྒྲུང》དང་དེ་བཞིན་གེ་སར་གྱི“རྟ་རྒྱུག་རྒྱལ་འཇོག”གི་བཤད་རྒྱུན་མང་པོ་ཡོད་པས། བོད་རིགས་སྤོ་ལོ་བས་རང་ཉིད་ནི“རྟ་ཐོག་ནས་འཚར་ལོངས་བྱུང་བའི་རྐང་རྩེད་སྤོ་ལོའི་རུ་ཁག་ཡིན”ཞེས་བརྗོད་ཀྱི་ཡོད།
མཐའ་མའི་བསྡུར་གྲངས་2:2ཡིན་པ་དང་། མཁའ་དབྱིངས་སུ་བཀྲག་མདངས་འཚེར་བའི་ཤོག་སྦག་མེ་ཏོག་གི་ཁྲོད་ཚེ་དབང་བསོད་ནམས་ཀྱི་ལུས་སེམས་གཉིས་ཀའི་ངལ་དུབ་ཡང་བརྗེད། “འདི་ནི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་དོན་སྙིང་ཡིན་གྱི་རེད། དེས་མི་རིགས་མི་འདྲ་བ་དང་ས་ཁུལ་མི་འདྲ་བའི་མི་རྣམས་དམ་པོར་འབྲེལ་ཐུབ”
ཉིན་དེའི་དགོང་མོ་འགྲན་དུམ་གཉིས་པ་མཇུག་འགྲིལ་རྗེས། ངལ་གསོ་བའི་བར་གསེང་དུ་མཚོ་བོད་ས་མཐོའི་སྒོར་གཞས་འཁྲུག་པོ་ཞིག་འཁྲབ་པ་དང་། ཡང་བཟོ་དོད་པའི་སྟངས་སྟབས་ལས་ཡིད་ཆེས་དང་བློ་གཤོག་གི་ཉམས་སྣང་མངོན་འོང་།
མགོ་ལོག་རུ་ཁག་གི་རུ་མིའི་ནང་སྨན་པ་དང་། སློབ་ཆེན་སློབ་མ། མྱུར་སྐྱེལ་བ་བཅས་ཡོད་པ་མ་ཟད། ད་དུང་རྩྭ་ཆུ་གང་བཟང་དུ་སྐྱས་སྤོས་བྱེད་པའི་འབྲོག་པ་ཡང་ཡོད་པ་རེད། ས་གནས་ས་ཐོག་ཏུ་རྐང་རྩེད་སྤོ་ལོར་དགའ་མཁན་མང་པོ་ཞིག་གིས་དཀར་གཙང་མཇལ་དར་དབྱུག་དབྱུག་བྱས་ནས་བོད་རིགས་སྤོ་ལོ་བར་དགའ་བསུ་ཞུས།
མགྲོན་བདག་ཡིན་པའི་རུང་ཅང་གི་གྲོང་ཚོ་ཁག་གི་འཐུས་མི་རུ་ཁག་གི་གྲོང་མི་ཚོས་ལུས་ལ་གཟབ་མཆོར་སྤྲས་པ་དང་ཕྲག་ཏུ་ཡུལ་ཟོག་ཁྱེར་ཏེ་གླིང་བུ་གཏོང་བཞིན་དུ་ཞབས་བྲོ་འཁྲབ། ཁོ་ཚོའི་ཁྲོད་འགྲན་བསྡུར་ནང་ཞུགས་མཁན་མེའོ་རིགས་དང་། ཏུང་རིགས། ཧྲུའེ་རིགས། རྒྱ་རིགས། ཡའོ་རིགས་སོགས་ཡོད་པ་དང་དེ་ནི་རྐང་རྩེད་སྤོ་ལོ་དང་མི་རིགས་རིག་གནས་ཀྱི་མཉམ་འདྲེས་ཟབ་མོ་ཞིག་རེད།
ལོ་27ལ་སླེབས་པའི་ཚེ་རིང་མགོན་པོ་ནི་མགོ་ལོག་ཀྲོའུ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱི་འབྲོག་པ་ཞིག་ཡིན་ཞིང་། ལོ་འགའི་སྔོན་དུ་ཚེ་རིང་མགོན་པོ་སྐྱེ་ཁམས་བདག་སྐྱོང་བ་ཞིག་ལ་གྱུར་ཡོད། ཁོམ་དུས་ཁོ་པས་གངས་རིས་བསྐོར་བའི་རྩྭ་ཐང་དུ་སྤོ་ལོ་རྒྱག་གི་ཡོད་པ་དང་། ཁོ་པས་དགའ་ཤོས་བྱེད་པའི་སྤོ་ལོའི་སྤྱན་སྦིར་ནི་མེ་ཤེལ་དང་ནེ་མར་རེད། “སྤོ་ལོའི་འགྲན་བསྡུར་ཞིག་གིས་མ་སྐྱིད་པ་ཚང་མ་གཏིང་བརྗེད་ལ་གཏོང་ཐུབ། རུང་ཅང་དུ་སྤོ་ལོར་དགའ་པོ་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་དང་། ཡུལ་གཞན་ནས་མི་མང་པོས་ང་ཚོར་ཀི་འདེབས་ངར་སློང་བྱེད་དུས་སེམས་འགུལ་ཐེབས་ཏེ་དགའ་ངུ་ཤོར་གྲབས་བྱེད་ཀྱི་འདུག”
ཚེ་དབང་བསོད་ནམས་དེ་སྔ་སྤོ་ལོ་རྒྱག་མཁན་ཞིག་ཡིན་པ་དང་ཧར་པིན་དུ་སྤོ་ལོ་བརྒྱབ་ནས་ལོ་ལྔ་བསྡད་ཡོད། ད་རེས་ཀྱི“གྲོང་གསེབ་ཀྱི་རྐང་རྩེད་སྤོ་ལོ་རིམ་འདས་མཉམ་འགྲན”ནི་ཁོང་གིས་ཕ་ཡུལ་གྱི་ཚབ་བྱས་ནས་ཞིང་ཆེན་གཞན་དག་ཏུ་འགྲན་བསྡུར་ལ་བསྐྱོད་ཐེངས་དང་པོ་རེད། “བརྗེད་པར་དཀའ་བའི་མཚན་མོ་འདི་ནས་ངས་རྐང་རྩེད་སྤོ་ལོ་ལས་བྱུང་བའི་སྤྲོ་སྣང་མང་པོ་ཉམས་སུ་མྱོང་རྒྱུ་བྱུང”ཞེས་བརྗོད།
“བོད་རིགས་ཕོ་གཞོན་ཚོར་འདི་གར་སླེབས་པའི་ཉིན་མ་དང་པོ་ནས་སེམས་ཤུགས་ཆེན་པོ་འདུག དེ་དག་འགྲན་བསྡུར་སྐབས་སུ་མངོན་གྱི་འདུག་ལ། ད་དུང་ཟས་གོས་སྡོད་གསུམ་སོགས་ཕྱོགས་གང་ས་ནས་ཀྱང་མངོན་གྱི་འདུག རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་ཐོབ་ཤོར་ཡོད་ཀྱང་སྣང་བ་དེ་ཙམ་གཏོང་དགོས་དོན་མེད། དེ་ལས་གལ་ཆེ་བ་ནི་བོད་རིགས་ཕོ་གཞོན་ཚོའི་སྐྱེ་སྟོབས་ཀྱི་གསོན་ཤུགས་ངོམས་རྒྱུ་དེ་རེད”ཅེས་རྒྱལ་ཁབ་རུ་ཁག་གི་དེ་སྔའི་རུ་མི་སྤོ་ལོ་མཁས་ཅན་ཧྥན་ཀྲེ་དབྱི་ཡིས་འགྲན་བསྡུར་དེར་གདེང་འཇོག་མཐོ་པོ་བྱས།
ལོ་35ལ་སླེབས་པའི་བློ་བཟང་རྒྱལ་མཚན་ནི་མགོ་ལོག་རུ་ཁག་གི་རུ་དཔོན་རེད། ཆུང་དུས་ས་རྡོ་འདྲེས་མའི་ཐང་དུ་རྐང་རྩེད་སྤོ་ལོ་བརྒྱབ་པའི་གནས་ཚུལ་ཡིད་ལ་ལྷང་མེར་དྲན་ཞིང་། ཁོ་པས“སྐབས་དེ་དུས་སྤོ་ལོ་རྒྱག་ས་ཡག་པོ་ཞིག་མེད་པས་ང་ཚོས་རྡོ་ཧྲུག་གིས་ཁེངས་པའི་སྤོ་ལོའི་ཐང་དུ་སྤོ་ལོ་རྒྱག་སྐབས་ངེས་པར་དུ་སྔོན་ཚུད་ནས་སྤོ་ལོ་གང་དུ་འབབ་མིན་ཚོད་དཔག་བྱེད་དགོས་ཀྱི་ཡོད། གལ་ཏེ་ཚོད་དཔག་ཡག་པོ་མ་ཐུབ་ཚེ་ཤུགས་ཆེན་པོས་གཞུ་སྐབས་རྡོ་ཡང་མཉམ་དུ་ཕ་རོལ་པོའི་གདོང་ལ་གཞུ་སྲིད”ཅེས་བརྗོད།
“ཆུང་དུས་ནས་རྐང་རྩེད་སྤོ་ལོར་དགའ་ཞེན་ཆེ་བ་དང་རྐང་རྩེད་སྤོ་ལོར་དགའ་པོ་བྱེད་དོན་ཡང་རོལ་རྩེད་ཁོ་ནའི་ཆེད་དུ་མ་ཡིན། གལ་ཏེ་ཕུགས་འདུན་ཡོད་ན་མི་ཚང་མར་མངོན་འགྱུར་བྱེད་ཐུབ་པའི་རེ་བ་ཡོད”ཅེས་བློ་བཟང་རྒྱལ་མཚན་གྱིས་བརྗོད་པ་དང་ཁོ་པས་ད་རེས་རུང་ཅང་དུ“གྲོང་གསེབ་ཀྱི་རྐང་རྩེད་སྤོ་ལོའི་རིམ་འདས་མཉམ་འགྲན”ལ་ཞུགས་པ་བརྒྱུད། ཉམས་མྱོང་ཡག་པོ་བསགས་ཐུབ་བྱུང་། ང་ཚོའི་ཕ་ཡུལ་དུའང“ཀྲོའུ་ཡི་རྐང་རྩེད་སྤོ་ལོའི་རིམ་འདས་མཉམ་འགྲན”གཉེར་གྲབས་ཡོད་ཅེས་བརྗོད།
རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་ལས་ལེ་དབར་སྟོང་གིས་ཆོད་པའི་མི་རིགས་མི་འདྲ་བ་གཉིས་ཀྱི་མི་རྣམས་བསམ་སྤྱོད་གཅིག་མཐུན་བྱུང་དོན་དགོང་མ་དེའི“གྲོང་གསེབ་ཀྱི་རྐང་རྩེད་སྤོ་ལོའི་རིམ་འདས་མཉམ་འགྲན”ལས་ལན་གསལ་པོ་ཞིག་བཏབ་ཡོད།