འབྲི་ཆུའི་ཆུ་འགོའི་སྐྱེ་ཁམས་ལེགས་སུ་འགྲོ་བཞིན་ཡོད་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཡུལ་ཤུལ་གྲོང་ཁྱེར་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རུ་གནས་པས་མཚོ་བོད་ས་མཐོའི་ཁོངས་སུ་གཏོགས། ས་ཁོངས་ནང་དུ་རྒྱུག་པའི་འབའ་ཐང་ཆུ་བོ་དང་རྫ་ཆུ་གཉིས་ཡུལ་ཤུལ་གྲོང་བརྒྱུད་ནས་འབྲི་ཆུའི་སྟོད་རྒྱུད་དུ་བབས་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་ཡོ་རོབ་དང་ཨེ་ཤེ་ཡའི་ཆུ་སྲམ་ས་གནས་དེ་གའི་ཆུ་རྒྱུད་དུ་ཡང་ཡང་ཐོན་ནས“དྲ་ཐོག་མིང་ཅན”དུ་གྱུར་ཡོད།
ཀྲའོ་ཞང་ནི་དམངས་ཁྲོད་རང་བྱུང་སྲུང་སྐྱོང་སྒྲིག་གཞིའི་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བ་ཞིག་ཡིན་པ་དང་། དུས་ཡུན་རིང་པོའི་ནང་གཙང་གསུམ་ཆུ་འགོ་ཁུལ་དུ་བརྟག་ཞིབ་ཀྱི་ལས་འགན་སྒྲུབ་བཞིན་ཡོད། ཡོ་རོབ་དང་ཨེ་ཤེ་ཡའི་ཆུ་སྲམ་དེ་རྒྱུད་དུ་ཐོག་མར་མཐོང་སྐབས་ཚང་མ་བསམ་ཡུལ་ལས་འདས་པར་གྱུར་ཞིང་། “ཡོ་རོབ་དང་ཨེ་ཤེ་ཡའི་ཆུ་སྲམ་ནི་ཆུའི་སྐྱེ་ཁམས་མ་ལག་མཛུབ་སྟོན་གྱི་སྲོག་ཆགས་རིགས་ཤིག་ཏུ་བརྩི་གི་ཡོད་པས་ཆུ་སྤུས་ལ་རེ་བ་མཐོ་པོ་ཡོད། མི་ཚོགས་མང་བའི་གྲོང་ཁུལ་དུ་ཡོ་རོབ་དང་ཨེ་ཤེ་ཡའི་ཆུ་སྲམ་འཚོ་གནས་བྱེད་པ་ནི་ཧ་ཅང་མཐོང་དཀོན་པ་ཞིག་རེད”ཅེས་ཀྲའོ་ཞང་གིས་བཤད།
2016ལོ་ནས་བཟུང་། ཡུལ་ཤུལ་གྲོང་ཁྱེར་སྲིད་གཞུང་གི་རྒྱབ་སྐྱོར་འོག་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱིས་འབའ་ཐང་ཆུ་བོ་དང་རྫ་ཆུ་རྒྱུག་ཁུལ་དུ་དམར་ཕྱིའི་པར་ཆས་500ཙམ་བཀོད་སྒྲིག་བྱས་ནས་ས་གནས་དེ་གའི་ཡོ་རོབ་དང་ཨེ་ཤེ་ཡའི་ཆུ་སྲམ་ཁྱུ་ཚོགས་ཀྱི་གྲངས་འབོར་དང་འཚོ་བའི་གོམས་གཤིས་ལ་སྔར་བས་ཞིབ་འཇུག་བྱས། མིག་སྔར་ཡོ་རོབ་དང་ཨེ་ཤེ་ཡའི་ཆུ་སྲམ་4200ལྷག་ཙམ་ལ་བརྙན་ཕབ་བྱས་ཡོད། བརྟག་དཔྱད་བྱས་འབྲས་ལས་མངོན་པར། ཡུལ་ཤུལ་གྲོང་ཁྱེར་དང་དེ་བཞིན་ཉེ་འཁོར་གྱི་ཆུ་ཁོངས་ནང་ཆུ་སྲམ་ཉི་ཤུ་སུམ་ཅུ་ཙམ་ཡོད་པས་ཁྱུ་ཚོགས་ཀྱི་འདུས་ཚད་དང་འཚོ་གནས་ཀྱི་གནས་ཚུལ་ཡག་པོ་ཡོད་པ་རེད།
ཡུལ་ཤུལ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཉེ་བའི་ལོ་ཤས་རིང་ཡུལ་ཤུལ་གྲོང་ཁྱེར་གྱིས་མཛེས་སྡུག་ལྡན་པའི་གཙང་པོ་དང་མཚོ་མོ་བསྐྲུན་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་སྔ་རྗེས་སུ་འབའ་ཐང་ཆུ་བོ་རྒྱུག་ཁུལ་གྱི་ཆུ་རྩ་གསོ་ཁུལ་གྱི་ནུས་པ་ཆེར་གཏོང་འདུ་འགོད་དང་འབའ་ཐང་ཆུ་བོའི(སྐྱེ་རྒུ་མདོ་བཙོག་ཆུ་གཙང་གསིང་བཟོ་གྲྭ)སྦགས་བཙོག་དངོས་པོ་ཉུང་གཏོང་དང་བཅོས་སྐྱོང་རྣམ་གྲངས་ལག་བསྟར་བྱས་ནས་འབའ་ཐང་ཆུ་བོ་རྒྱུད་ཀྱི“ལྟ་སྐུལ་ཚོད་འཛིན+ལྟ་ཞིབ་ཚད་ལེན”ལས་སྟེགས་བསྐྲུན་ཏེ་འབྲི་ཆུ་དང་འབའ་ཐང་ཆུ་བོ་སོགས་ཆུ་བོ་གཙོ་བོའི་བཤགས་ངོས་ཆུ་སྤུས་ལོ་འཁོར་མོར་རིམ་པ་IIཡན་དང་དེ་བཞིན་དེ་ཡན་དུ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བཤད།
ད་ཆ་ཡུལ་ཤུལ་གྲོང་ཁྱེར་དུ་ཡོ་རོབ་དང་ཨེ་ཤེ་ཡའི་ཆུ་སྲམ་གྱིས་ཆུ་ནང་དུ་རྐྱལ་བརྒྱབ་ནས་ཚ་བ་གཡོལ་བའམ་ཡང་ན་ཉ་བཟུང་བའི་རྣམ་པ་མཐོང་རྒྱུ་ཡོད་པས། གྲོང་མི་ཚོས་ལག་ཐོགས་ཁ་པར་ཁྱེར་ནས་ཡོ་རོབ་དང་ཨེ་ཤེ་ཡའི་ཆུ་སྲམ་གྱི་འཚོ་བ་སྐྱེལ་སྟངས་པར་བླངས་ཀྱང་ཁོ་ཚོས་ཞེད་སྣང་གཏན་ནས་བྱེད་ཀྱི་མེད།
“མི་རྣམས་ཀྱིས་ཆུ་བོའི་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོང་བྱས་པ་དེས་འབྲི་ཆུའི་ཆུ་འགོའི་ཁུལ་མི་འདྲ་བའི་དབར་འབྲེལ་མཐུད་ཡག་པོ་ཐུབ་ནས་དེ་ཡང་ཡོ་རོབ་དང་ཨེ་ཤེ་ཡའི་ཆུ་སྲམ་འཚོ་སྡོད་བྱེད་ས་ཆེ་ཤོས་སུ་འགྱུར་རེ་ཡོད། སྲོག་ཆགས་རིགས་ཀྱི་ངོས་ནས་བརྗོད་ན། ང་ཚོས་ཀྱང་ཡོ་རོབ་དང་ཨེ་ཤེ་ཡའི་ཆུ་སྲམ་ལ་མུ་མཐུད་སྲུང་སྐྱོང་བྱས་པ་ལས་མི་དེ་བས་མང་བས་འབྲི་ཆུའི་ཆུ་འགོའི་ཆུ་སྐྱེས་སྐྱེ་ཁམས་མ་ལག་ལ་དོ་ཁུར་བྱེད་པའི་རེ་བ་ཡོད”ཅེས་ཀྲའོ་ཞང་གིས་བཤད།