མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་ཐོག་ཞིང་ལས་དང་འབྲུ་རིགས་མ་ལག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུའི་རེ་འབོད་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རོ་མ་ནས་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་དུས་ཡུན་ཉིན་གསུམ་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་མ་ལག་དབུ་ཚོགས་ཀྱི་དུས་མཚམས་ཀྱི་གྲུབ་འབྲས་ཕྱོགས་སྡོམ་སྐུལ་འདེད་ཚོགས་ཆེན་དབྱི་ཐ་ལིའི་གྲོང་ཁྱེར་རོ་མར་གྲོལ་བ་དང་། ཚོགས་ཆེན་ཐོག་ཕྱོགས་ཁག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་བྱ་སྤྱོད་སྤེལ་མགྱོགས་སུ་བཏང་ནས་གོ་ལ་ཧྲིལ་པོའི་ཞིང་ལས་དང་འབྲུ་རིགས་མ་ལག་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་སྟེ། ཕན་འབྲས་དང་། བསྟུན་མཁས། མཉེན་ཤུགས་བཅས་སྔར་བས་ཆེ་བ་དང་རྒྱུན་མཐུད་ཆོག་པའི་ཞིང་ལས་དང་འབྲུ་རིགས་མ་ལག་བསྐྲུན་དགོས་པའི་ནན་བཤད་བྱས་པ་རེད།
ད་ཐེངས་ཀྱི་ཚོགས་ཆེན་དེ་ཚེས་24ནས་26ཉིན་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་རུ་འཚོགས་ཤིང་། རྒྱལ་ཁབ་དང་ས་ཁུལ་180ནས་ཡོང་བའི་འཐུས་ཚབ་2000ལྷག་ཙམ་ཚོགས་འདུར་ཞུགས་ཡོད། ཚོགས་ཆེན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་གྲོས་འགོ་བཏོན་པ་དང་། དབྱི་ཐ་ལི་སྲིད་གཞུང་དང་རོ་མར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་སྒྲིག་གཞིས(མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་སོགས)མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་2021ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་མ་ལག་དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཚུན་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཕྱིར་དྲན་དང་ཕྱོགས་སྡོམ་བྱེད་པ་དང་འབྲེལ། དུས་མཚམས་རྗེས་མའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དེ་རེད།
མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཆུས་ཏུང་ཡུས་ཀྱིས་མཇུག་འགྲིལ་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། གནམ་གཤིས་ཀྱི་ཉམས་ཉེན་དང་། དཔལ་འབྱོར་གྱི་རྡབ་རྡེག་དང་གདོང་ཐུག་རྒྱུན་མཐུད་ཀྱི་ཉེན་ཁ་དང་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་མ་ཟད་ཕན་ཚུན་འབྲེལ་བ་ཡང་ཡོད་པས། འབྲུ་རིགས་བདེ་འཇགས་མེད་པ་དང་འཚོ་བཅུད་མ་འདང་བའི་རྒྱུ་རྐྱེན་དེ་བས་རྙོག་འཛིང་ཆེ་རུ་ཕྱིན་ཡོད་ཅེས་བརྗོད་པ་རེད། ད་དུང་ཁོང་གིས། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཁོངས་མིའི་རྒྱལ་ཁབ་ཁག་གིས་རང་སོ་སོའི་རྒྱལ་ཁབ་ཀྱི་ཐབས་ལམ་བརྒྱུད་ཕན་འབྲས་དེ་བས་ཆེ་བའི་ཐོན་སྐྱེད་དང་། འཚོ་བཅུད་དེ་བས་ལེགས་པ། ཁོར་ཡུག་དང་འཚོ་བ་དེ་བས་ལེགས་པ་བཅས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུར་གཞོལ་ནས་མི་སུ་ཞིག་ཀྱང་རྗེས་སུ་མི་ལུས་པ་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཚོགས་ཆེན་འཚོག་རིང་། རྒྱལ་ཁབ་ཁག་གི་འཐུས་ཚབ་ཀྱིས་འབྲུ་རིགས་འཕྲོ་བརླག་དང་། གནམ་གཤིས་འགྱུར་ལྡོག བདེ་ཐང་བཟའ་བཅའ། རོགས་ཟླའི་འབྲེལ་བ། ཚན་རིག་དང་ལག་རྩལ་སོགས་གྲོས་གཞི་མང་པོར་གྲོས་བསྡུར་གང་ལེགས་བྱས་ནས། ཞིང་ལས་དང་འབྲུ་རིགས་མ་ལག་ཕྱོགས་སྒྱུར་གྱི་བརྒྱུད་རིམ་ཁྲོད་འཕྲད་པའི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པར་བློ་གྲོས་སྐྱེས་སུ་ཕུལ་བ་རེད།