དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྟེང་ཆེན་རྫོང་སྤུ་ཐོག་མཚོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་།

    ནམ་མཁའ་སྔོ་ཞིང་མཚོ་མོ་དྭངས། འཆམ་མཐུན་མཉམ་གནས་ཡུལ་ལྗོངས་མཛེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-29

    དབྱར་དུས་ནི་བོད་དུ་ཡུལ་སྐོར་བ་མང་བའི་དུས་ཤིག་རེད། ཡུལ་སྐོར་བ་G371ལམ་རྒྱུད་ཀྱི་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་དུ་སླེབས་སྐབས་ཁོ་ཚོས་རྟག་ཏུ་རྫོང་གྲོང་ནས་བྱང་ཕྱོགས་སུ་སྤྱི་ལེ་25ཙམ་ཡོད་པའི་སྤུ་ཐོག་མཚོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་ལ་ལྟ་བར་སྐྱོད་ཀྱི་ཡོད།

    2021ལོའི་ཟླ་12པར། སྟེང་ཆེན་སྤུ་ཐོག་མཚོར་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་གི་ཆོག་མཆན་ཐོབ་ནས་ས་མཐོའི་མཚོ་དེ་སླར་ཡང་འཛམ་གླིང་དུ་སྐད་གྲགས་ཆོད།

    སྤུ་ཐོག་མཚོ་དེ་ཉིད་ཉི་ཟེར་དང་དགུང་སྔོན་གྱི་བཀྲག་མདངས་འོག་སྤུ་ཐོག་མཚོ་དང་། མཐའ་འཁོར་གྱི་གངས་རི། ཡངས་པའི་རྩྭ་ཐང་། སྔོ་ལྗང་གི་སྤང་ལྗོངས་བཅས་གཅིག་ལ་གཅིག་བརྒྱན་གྱིས་ལྷག་པར་མཛེས་པ་དང་། མཚོ་མོའི་འགྲམ་དུ་ཕྲ་བཏབ་པ་ལྟར་གྱི་སྦྲ་གུར་དང་དཀར་ནག་ནོར་ལུག་གིས་ཁེངས་པས་སུམ་རྩེན་གནས་མི་ཡུལ་དུ་འཕོས་པ་ལྟར་དུ་སྣང་།

    “ང་ཚོའི་སྤུ་ཐོག་གྲོང་ཚོ་ནི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཡིན་པ་དང་གྲོང་མིའི་ཡོང་འབབ་ཆེན་པོ་གསུམ་ཡོད་པ་དེ། གཅིག་ནི་འབྲི་གཡག་དང་རྟ་ལུག་གསོ་ཚགས་དང་།གཉིས་ནི་དབྱར་རྩྭ་དགུན་འབུ་འཐུ་བ། གསུམ་ནི་སྐྱེ་ཁམས་ཀྱི་ལས་གནས་བཅས་རེད། ང་ཚོའི་གྲོང་ཚོར་སྐྱེ་ཁམས་ལས་གནས་249ཡོད་པར་སྤྱི་ཕན་ནགས་སྲུང་བར་ལོ་རེར་ཁ་གསབ་སྒོར་8100ཡོད་པ་དང་། རང་བྱུང་རྩྭ་ཐང་ལྟ་སྐུལ་པར་ལོ་རེར་ཁ་གསབ་སྒོར་7000ཡོད་པ། སྐྱེ་ཁམས་ལས་གནས་ཀྱི་འདམ་རའི་སྐོར་སྲུང་བར་ལོ་རེར་ཁ་གསབ་སྒོར་3500ཡོད། སྐྱེ་ཁམས་ལས་གནས་དེ་དག་ཡོད་པས་གྲོང་མིས་རང་ཉིད་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལ་སྲུང་སྐྱོང་ཐུབ་པ་མ་ཟད། ཁྱིམ་གྱི་སྒོ་འགྲམ་ནས་འབབ་འཕར་ཐུབ་པས་སྒོ་རྩར“ལྗང་མདོག་གསེར་གཞོང”ཡོད་པ་དང་ཡོངས་སུ་མཚུངས་ཞེས་གསར་འགོད་པར་ཁ་ཇོས་བཤད།

    སྐྱེ་ཁམས་ལས་གནས་ལས་སྤུ་ཐོག་གྲོང་ཚོར་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི“གཉིས་ཕན”མངོན་འགྱུར་བྱུང་བ་དང་ཆབས་ཅིག ས་གནས་དེ་གའི་མི་སེར་ཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད།

    ལོ་ལྟར་དབྱར་སྟོན་གཉིས་སུ་སྤུ་ཐོག་གྲོང་ཚོའི་ནགས་སྲུང་བ་བསམ་གྲུབ་ཀྱིས་ཉིན་ལྟར་རི་དང་གཙང་པོར་སྐོར་གཡེང་ཆུ་ཚོད་10བྱེད་ཀྱི་ཡོད། “འདི་ནི་ང་ཚོ་འཚོ་སྡོད་བྱེད་སའི་ཁྱིམ་གཞིས་ཡིན་པས་ང་ཚོས་ངེས་པར་དུ་སྲུང་སྐྱོང་ཡག་པོ་བྱེད་དགོས། འདི་ལོ་སྲིད་གཞུང་གིས་ད་དུང་སྤུ་ཐོག་ཁ་རྩྭ་ཐང་དུ་སྟབས་བདེའི་ཁང་པ་གསར་པ་བརྒྱབ་ནས་ང་ཚོའི་སྐོར་གཡེང་གི་ལས་རེས་ལ་སྟབས་བདེ་བསྐྲུན་པས་དངོས་གནས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བསམ་གྲུབ་ཀྱིས་བཤད།

    རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག དཔལ་འབྱོར་འཕེལ་རྒྱས་གཏོང་བ་ནི་དམངས་འཚོའི་ཆེད་དུ་ཡིན་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དེ་ཡང་དམངས་འཚོའི་ཆེད་དུ་ཡིན།

    ས་གནས་དེ་གའི་མི་སེར་གྱི་སྲུང་སྐྱོང་འོག་སྤུ་ཐོག་མཚོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་འཕེལ་རྒྱས་ཡག་པོ་བྱུང་ནས་རི་སྐྱེས་སྲོག་ཆགས་ལ་འཚོ་གནས་ཀྱི་ཁོར་ཡུག་བཟང་པོ་དང་རྩྭ་རྩི་ཤིང་ལ་སྐྱེ་འཚར་གྱི་ཁོར་ཡུག་བཟང་པོ་བཏོད་ཡོད། བརྟག་དཔྱད་ཀྱི་བསྡོམས་རྩིས་ལ་གཞིགས་ན། སྤུ་ཐོག་མཚོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་ལ་རིམ་པ་མཐོ་བའི་རྩི་ཤིང་ཚན་50ཡི་ཁོངས་གཏོགས་144ཡི་སྣ་ཁ་305ཡོད་པ་དང་། རི་སྐྱེས་ཀྱི་སྒལ་ཚིགས་སྲོག་ཆགས་195ཡོད་པའི་ནང་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་རིགས་29ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།