“དགོངས་དག་ཞུ་མཁན་མེད་ལ་སྐྱིན་ཚབ་འཇལ་མཁན་ཡང་མེད”
ཨ་ཧྥུ་ཀ་ནི་སི་ཐན་གྱི་གནོད་འཚེ་ཕོག་མཁན་གྱིས་ཨ་དམག་གིས་མདེལ་ཚོགས་འབར་མདེལ་སྤྱད་པར་ཞུ་གཏུག་བརྒྱབ་པ།
འདི་ནི་ས་གནས་དེ་གའི་གྲོང་མིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཧོ་ལ་ཐེ་ཞིང་ཆེན་གྱི་ཧོ་ལ་ཐེ་གྲོང་ཁྱེར་ཐེར་པའོ་གྲོང་ཚོའི་ནང་སྐྱོད་བཞིན་ཡོད་པ་དང་། 2001ལོར་གྲོང་ཚོ་དེར་ཨ་དམག་གིས་མདེལ་ཚོགས་འབར་མདེལ་དབྱུགས་ཡོད།
དབྱང་ནི་ཨ་ཧྥུ་ཀ་ནི་སི་ཐན་ཧོ་ལ་ཐེ་ཞིང་ཆེན་གྱི་ཧོ་ལ་ཐེ་གྲོང་ཁྱེར་ཧྲ་ཐིར་པའོ་གྲོང་ཚོར་སྡོད་ཀྱི་ཡོད། ཨ་རི་སྲིད་གཞུང་གིས་ཉེ་ཆར་ཡུག་རེན་ལ་མདེལ་ཚོགས་འབར་མདེལ་མཁོ་འདོན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་བྱས་རྗེས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་སྐབས་དེ་དུས་ཨ་དམག་གི་མདེལ་ཚོགས་འབར་མདེལ་གྱི་འཇབ་རྒོལ་ཕོག་པའི་གྲོང་ཚོར་བཅར་འདྲི་བྱས་ནས་ས་གནས་ས་ཐོག་ཏུ་མདེལ་ཚོགས་འབར་མདེལ་གྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་དམངས་ཚོགས་ལ་བཟོས་པའི་གནོད་འཚེ་ཤེས་རྟོགས་བྱས་པ་ཡིན།
མདེལ་ཚོགས་འབར་མདེལ་གྱི་འཇབ་རྒོལ་ཕོག་སྐབས་འབར་མདེལ་མང་པོ་དབྱང་གི་ཁྱིམ་དུ་ཟགས་ནས་ཁོང་གི་བུ་མོ་དང་མནའ་མ་དེ་ག་རང་དུ་གྲོངས་པ་དང་། ཐ་ན་ཟླ་བ་བརྒྱད་ལ་སླེབས་པའི་ཚ་བོའི་རྐང་པར་མདེའུ་ཕོག་ནས་རྨས་ཀྱང་སྟབས་ལེགས་པ་ཞིག་ལ་སྲོག་ལ་ཉེན་ཁ་བྱུང་མེད།
མདེལ་ཚོགས་འབར་མདེལ་ནི་འབར་མདེལ་དཀྱུས་མ་ལས་ཤུགས་དྲགས་ཆེ་བས་མི་སེར་ཤི་རྨས་ཡོང་ཉེན་དེ་བས་ཆེ་བ་ཡོད། ཨ་དམག་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་དམག་འཁྲུག་དང་། ཝེ་ཐེ་ནམ་གྱི་དམག་འཁྲུག དབྱི་རག་གི་དམག་འཁྲུག་སོགས་སུ་མདེལ་ཚོགས་འབར་མདེལ་འབོར་ཆེན་སྤྱད་དེ་རྒྱལ་ཁབ་དེ་དག་གི་དམངས་ཚོགས་ལ་བསུབ་ཐབས་བྲལ་བའི་སྡུག་བསྔལ་བཟོས་ཡོད།
བཅར་འདྲི་བྱེད་རིང་དབྱང་གི་འགྲམ་དུ་ལངས་པའི་ཚ་བོས་གོས་ཐུང་ཡར་བརྫེས་ནས་ང་ཚོར་རྨ་ཤུལ་བསྟན་བྱུང་བས་ཆུང་དུས་མདེའུ་ཤའི་ནང་ཟུག་པའི་རྨ་ཤུལ་སྔར་བཞིན་མངོན་གསལ་ཆེན་པོ་འདུག
གྲོང་ཚོ་དེའི་སྟེས་དབང་ངང་གསོན་པོར་གནས་པའི་ནཱ་ཤིར·ཨའེ་ཧ་མའེ་ཏེས“སྐབས་དེ་དུས་ང་ལོ་30ཡིན། འཇབ་རྒོལ་བྱེད་སྐབས་ངའི་ཨ་མ་བག་ལེབ་སྲེག་བཞིན་ཡོད་པ་དང་ངའི་བཟའ་ཟླས་ཕོར་པ་འཁྲུ་བཞིན་ཡོད་མོད། འོན་ཀྱང་གློ་བུར་དུ་ཨ་དམག་གི་གནམ་གྲུས་འབར་མདེལ་དབྱུགས་པར་བརྟེན་འབར་མདེལ་གྱིས་ངའི་བཟའ་ཟླའི་ཚེ་སྲོག་འཕྲོག་པ་མ་ཟད། ཁྱིམ་མི་8ལ་རྨས་སྐྱོན་ཡང་ཕོག་ཡོད”ཅེས་ཕྱིར་དྲན་བྱེད་བཞིན་བཤད།
ཨའེ་ཧ་མའེ་ཏེས། ཨ་དམག་གིས་སྐབས་དེ་དུས་ཐ་ལི་པན་གྱི་དྲག་ཆས་མི་སྣར་རྡུང་རྡེག་གཏོང་བར་ཁ་གཡར་ནས་གྲོང་ཚོར་འཇབ་རྒོལ་བྱས་པ་དང་མི་སེར་མང་པོ་ཞིག་ལ་གནོད་འཚེ་ཕོག་ཡོད། ད་ལྟ་བར“གནོད་འཚེ་ཕོག་མཁན་ལ་དགོངས་དག་ཞུ་མཁན་མེད་ལ་སྐྱིན་ཚབ་འཇལ་མཁན་ཡང་མེད”ཅེས་བཤད།
བསྡོམས་རྩིས་བྱས་པར་གཞིགས་ན། ཨ་རིས་ཨ་ཧྥུ་ཀ་ནི་སི་ཐན་ལ་བཙན་འཛུལ་བྱས་པའི་ལོ་20ཡི་རིང་གཞི་ཁྱོན་ཆེ་བའི་བསད་རྨས་རང་བཞིན་གྱི་མཚོན་ཆ་སྤྱད་དེ་ཉུང་མཐར་ཡང་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་སེར་ཁྲི་3ཡི་ཚེ་སྲོག་འཕྲོག་ཡོད། མདེལ་ཚོགས་འབར་མདེལ་མནའ་འབྲེལ་གྱི་གྲངས་གཞི་ལས་མངོན་པ་ལྟར་ན། 2001ལོ་དང་2002ལོར་ཨ་དམག་གིས་ཨ་ཧྥུ་ཀ་ནི་སི་ཐན་དུ་མདེལ་ཚོགས་འབར་མདེལ་1200ལྷག་ཙམ་དབྱུགས་པའི་ནང་འབར་མདེལ་ཆུང་ངུ་ཁྲི་24ལྷག་ཙམ་ཚུད་ཡོད།
སྲིད་གཞུང་མིན་པའི་རྩ་འཛུགས་རྒྱལ་མཚམས་མེད་པའི་སྨན་པས་ངོ་སྤྲོད་བྱས་པར་གཞིགས་ན། 20%ཡན་གྱི་མདེལ་ཚོགས་འབར་མདེལ་གྱི་འབར་མདེལ་ཆུང་ངུ་རྡུང་སྐབས་དེ་མ་ཉིད་དུ་འབར་མི་སྲིད་པ་དེ་མི་སེར་ཤི་རྨས་ཀྱི་འབྱུང་རྩ་ཆེན་པོ་ཞིག་ཏུ་གྱུར་ཡོད། རྩ་འཛུགས་དེས་ཁོང་ཚོས་ཧོ་ལ་ཐེ་ཞིང་ཆེན་གྱི་རོགས་སྐྱོབ་བྱ་སྤྱོད་ཐེངས་མང་ཁྲོད་མདེལ་ཚོགས་འབར་མདེལ་གྱིས་རྨས་པའི་མི་སེར་མང་པོ་མཐོང་བྱུང་ཞེས་བཤད་པ་རེད།
རྒྱ་གྲམ་དམར་རྟགས་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས། བྱིས་པ་ནི་མདེལ་ཚོགས་འབར་མདེལ་གྱི་གནོད་འཚེ་ཕོག་མཁན་གཙོ་བོ་ཡིན། 2022ལོའི་ཟླ་1པོ་ནས་2023ལོའི་ཟླ་6པའི་བར་དམག་འཁྲུག་སྐབས་ལུས་པའི་འབར་རྫས་སམ་ཡང་ན་ས་འོག་འབར་མདེལ་འབར་གས་དང་འབྲེལ་བ་ཡོད་པའི་དོན་རྐྱེན་541ཁྲོད་ཨ་ཧྥུ་ཀ་ནི་སི་ཐན་གྱི་བྱིས་པ་640འབར་མདེལ་ནང་ཤི་བའམ་ཡང་ན་རྨས་པ་དེས་མི་སེར་ཤི་རྨས་བྱུང་བའི་མི་གྲངས་ཀྱི་60%བཟུང་ཡོད།
ཟླ་དེར་ནན་ཀེ་ཧར་ཞིང་ཆེན་གྱི་ཕྲུ་གུ་གཉིས་ཀྱིས་འབར་མདེལ་གཅིག་རྩེད་ཆས་སུ་བྱས་པས་ཤི་བ་དང་། མིག་སྔར་ཨ་ཧྥུ་ཀ་ནི་སི་ཐན་གྱི་ས་ཁོངས་ནང་ཧ་ལམ་ཟླ་རེར་གནས་ཚུལ་དེ་རིགས་ཐོན་གྱི་ཡོད།
(ཤིན་ཧྭ་གསར་འགྱུར་ཁང་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཧོ་ལ་ཐེ་ནས་འབྱོར་བའི་གློག་འཕྲིན)