མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་ཀྱིས་ལས་སྟེགས་བསྐྲུན་པ་དང་མ་ལག་བཙུགས་ནས།
སྟོབས་ཤུགས་དེ་བས་མང་བ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཞུགས་པར་སྐུལ་འདེད་བཏང་བ།
ལྗོན་ཤིང་གི་བསིལ་གྲིབ་འོག་མི་དམངས་ཉེན་རྟོག་པ་དང་། ཁྲིམས་རྩོད་པ། མི་དམངས་འདུམ་འགྲིག་པ་ཚོས་སྒྲོག་ཙེ་སྒོར་སྒོར་ཞིག་གི་མཐའ་སྐོར་དུ་ཇ་འཐུང་བཞིན་ཡོད། སྒྲོག་ཙེ་སྒོར་སྒོར་དེའི་འགྲམ་དུ་གྲོང་མི་བཅུ་ཕྲག་ཁ་ཤས་གླེང་མོལ་བྱེད་བཞིན་ཡོད་པ་དང་། ལ་ལས་ལག་ཐོགས་ཁ་པར་མཐོན་པོར་བཀྱག་ནས་ས་གནས་ས་ཐོག་ནས་ཐད་གཏོང་ཡང་བྱེད་བཞིན་ཡོད། “ཚུར་གཟིགས་དང་། ད་ལྟ་ཚོགས་འདུ་འཚོག་རྒྱུ་རེད” དུང་སྒྲ་གྲགས་མ་ཐག་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་ཚོང་ལས་སྲང་ལམ་བྱང་མའི་སྡེ་ཁུལ་གྱི་དཔང་ཉན་ཚོགས་འདུ་འཕྲལ་དུ་འགོ་ཚུགས།
མི་མང་པོ་དེ་འདྲ་འཛོམས་དགོས་དོན་ཅི་ཡིན། ད་བྱེད་དུས་སྡེ་ཁུལ་གྱི་ཁོངས་གཏོགས་ཁུལ་ཆུང་ཞིག་གི་སྒོ་འགྲམ་གྱི་ལམ་ངོས་སྙོམ་པོ་མེད་པས་སྡེ་ལས་ཀྱིས་ཉམས་གསོའི་ཐེབས་རྩ་སྤྱོད་རྩིས་ཡོད་ཀྱང་། གྲོང་མིས་མོས་མཐུན་མ་བྱུང་བར་ཕྱོགས་གཉིས་པོའི་དབར་རྩོད་གཞི་བྱུང་བས་དཔང་ཉན་ཚོགས་འདུ་འཚོག་དགོས་བྱུང་།
ཚོགས་འདུ་གཙོ་སྐྱོང་བྱེད་མཁན་ནི་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཡན་ཧུང་ཤིན་རེད། གཞི་རིམ་དུ་ལས་ཀ་བྱས་ནས་ལོ་དྲུག་ལྷག་ཙམ་སོང་བས་གནས་ཚུལ་དེ་རིགས་ལ་ཁོང་སྔ་ས་ནས་གོམས་ཡོད་མོད། འོན་ཀྱང“ལས་རོགས་པ”དེ་འདྲའི་མང་པོ་ཞིག་གིས་འདུམ་འགྲིག་བྱེད་རོགས་བྱེད་པ་ནི་མཐོང་ཐེངས་དང་པོ་རེད། “གྲོང་ནུབ་ཆུས་ཀྱིས་ལས་སྟེགས་བསྐྲུན་པ་དང་མ་ལག་བཙུགས་ནས་སྟོབས་ཤུགས་དེ་བས་མང་བ་གཞི་རིམ་དུ་སྤྱོད་རྒྱུར་སྐུལ་འདེད་བཏང་བར་བརྟེན། གྲོང་མིའི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་རྒྱ་ཆེར་ཕྱིན་པ་དང་གནད་དོན་ཐག་གཅོད་བྱེད་པའི་ཕན་འབྲས་དེ་བས་ཆེ་རུ་ཕྱིན་པ་མ་ཟད། ཏང་དང་མང་ཚོགས་དབར་གྱི་འབྲེལ་བའང་དེ་བས་ཟབ་ཏུ་ཕྱིན་ཡོད”ཅེས་ཡན་ཧུང་ཤིན་གྱིས་ངོ་གདོང་ནས་འཛུམ་མདངས་འཕྱུར་བཞིན་བཤད།
ཕྱོགས་མང་པོའི་སྟོབས་ཤུགས་བསྣན་པས་གཞི་རིམ་གྱི་སྤྱི་ཚོགས་སྲ་བརྟན་དང་འགལ་བ་སེལ་བའི་ཕན་འབྲས་དེ་བས་ཆེ་བ་ཐོན་པ།
སྟབས་ལེགས་པ་ཞིག་ལ་ཉིན་དེར་གྲོས་བསྡུར་བྱེད་པའི་དོན་དག་གྲོང་མིས་སྔོན་ལ་དྲ་མིག་དོ་དམ་པར་གསལ་བཤད་བྱས་འདུག དེས་ན་དཔང་ཉན་ཚོགས་འདུའི་ཐོག་འགལ་བ་ཇེ་སྡུག་ཏུ་ཕྱིན་མེད།
“ལམ་ངོས་དེ་ཁུལ་ཆུང་གི་ཁོངས་སུ་གཏོགས་པས་ཁུལ་ཆུང་གི་ཉམས་གསོའི་ཐེབས་རྩ་ནས་མ་དངུལ་གཏོང་དགོས”ཞེས་སྡེ་ལས་ཀུང་སིའི་འཐུས་མིས་རང་གི་ལྟ་བ་གསལ་པོར་བསྟན།
“ལམ་ངོས་དེ་ཁུལ་ཆུང་གི་ཁོངས་སུ་གཏོགས་ཀྱང་དེ་ཅིའི་དབང་གིས་བྱུང་བར་ལྟ་དགོས། ཉིན་འགའི་སྔོན་ལ་ལྗིད་ཐེག་རླངས་འཁོར་ཁུལ་ཆུང་དུ་སྐྱོད་ཀྱང་སྡེ་ལས་ཀྱིས་དེའི་དོ་དམ་ལ་ལྷོད་གཡེང་ཤོར་སོང་། དེ་ནས་དོ་བདག་ཁུལ་ཆུང་དེར་སྤོས་ནས་ལོ་2ལྷག་ཙམ་ལས་སོང་མེད་ཀྱང་ལམ་ངོས་དེ་ལྟ་བུར་གྱུར་པས་སྤུས་ཚད་ཀྱི་གནད་དོན་ལ་རྩད་གཅོད་བྱེད་དགོས་སམ”ཞེས་དོ་བདག་གི་འཐུས་མིས་ཁུངས་དང་ལུང་ཡོད་པའི་སྒོ་ནས་བཤད། ཚང་མས་བདེན་པ་རང་ཉིད་ལ་ཡོད་ལུགས་བརྗོད་དེ་ཚོགས་རར་དེ་མ་ཐག་སྐད་ཅོར་གྱིས་ཁེངས།
“ངས་སྐད་ཆ་དྲང་པོ་ཞིག་ཤོད་རྒྱུ་ཡིན”ཞེས་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཀང་ཙེང་གིས་ཡར་ལངས་ནས་ཚང་མར་སྐད་ཅོར་མི་རྒྱག་རྒྱུའི་བཀོད་པ་བཏང་།
མིག་རྣོ་བའི་གྲོང་མིས་ཁོང་གི་ལུས་ལ་ཉེན་རྟོག་པའི་གྱོན་ཆས་གོན་པ་མཐོང་། 2020ལོའི་ཟླ་བདུན་པར་གཞི་རིམ་གྱི་བཅོས་སྐྱོང་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་བཅོས་སྐྱོང་དཔུང་ཁག་སྟོབས་ཆེར་གཏོང་ཆེད། གྲོང་ནུབ་ཆུས་ཀྱིས“ཉེན་རྟོག་གྱོན་ཆས་གོན་པའི་སྡེ་ཁུལ་གྱི་ཧྲུའུ་ཅི་གཞོན་པའི”ལམ་ལུགས་ཁྱབ་གདལ་བཏང་ཞིང་། ཧྲེང་ལི་ལམ་ཁྲོམ་གཞུང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཝང་ཀང་དེ་ནས་བཟུང་སྡེ་ཁུལ་དུ་སྤོས་ནས་གྲོང་མི་དང་མཉམ་ཟ་མཉམ་འཐུང་བྱས། མིག་སྔའི་བར་ཆུས་ཡོངས་ཀྱི་སྡེ་ཁུལ་31ཚང་མར་རང་ཉིད་ཀྱི“མི་དམངས་ཉེན་རྟོག་པའི་ཧྲུའུ་ཅི”ཡོད་པ་རེད།
“ཕྱོགས་གཉིས་ཀར་རྒྱུ་མཚན་འདུག འདི་ལྟར་བྱས་ན་མཇུག་འབྲས་ཐོན་མི་ཐུབ། དེ་རིང་ཁྲིམས་རྩོད་པ་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ལས་དོན་པ་ཚང་མ་སླེབས་ཡོད་པས་ཁོ་ཚོར་ལྟ་ཚུལ་གླེང་རོགས་ཞུ”ཞེས་ཝང་ཀང་གིས་ཁ་ཏ་བསླབ་བྱ་བྱས།
སྡེ་ཁུལ་གྱི་དཔང་ཉན་ཚོགས་འདུའི་ཐོག་མི་དེ་དག་སླེབས་དོན་ཅི་ཡིན་ནམ།
2021ལོར་སླེབས་སྐབས“མི་དམངས་ཉེན་རྟོག་པའི་ཧྲུའུ་ཅིའི”རྨང་གཞིའི་ཐོག་གྲོང་ནུབ་ཆུས་ཀྱིས་ཕྱོགས་མང་མཉམ་འགུལ་གྱི་འགལ་བ་དང་རྩོད་གཞི་སེལ་བའི་ལས་སྟེགས་བསྐྲུན་པ་སྟེ། སྡེ་ཁུལ་ཏང་ཨུད་ཀྱིས་དང་ལེན་ཞུ་བ་དང་། མི་དམངས་འདུམ་འགྲིག་པ་དང་། མི་དམངས་ཉེན་རྟོག་པ། བཅའ་ཁྲིམས་བློ་འདྲི་བ། དྲ་མིག་ཅན་གྱི་དོ་དམ་མི་སྣ་སོགས་མཉམ་འབྲེལ་ཐོག་གཞུང་དོན་སྒྲུབ་པའི་རྣམ་པའི་ཐོག་ནས་འགལ་བ་དང་རྩོད་གཞི་བསལ་བས་ཚད་ངེས་ཅན་གྱི་ཐོག་ནས་སྡེ་ཁུལ་གྱི་འདུམ་འགྲིག་སྟོབས་ཤུགས་མི་འདང་བ་དང་ཆེད་ལས་ཀྱི་ཆུ་ཚད་མི་འདང་བའི་གནད་དོན་ཐག་གཅོད་ཐུབ་ཡོད།
“གཏན་འབེབས་ལྟར་ན། སྡེ་ཁུལ་གྱི་ལམ་བཟོ་བར་ཉམས་གསོའི་ཐེབས་རྩ་སྤྱོད་ཆོག” ཁྲིམས་རྩོད་པས་སྐད་ཆ་དེ་བཤད་མ་ཐག་ཚོགས་ར་ཡོངས་སླར་ཡང་སྐད་ཅོར་གྱིས་ཁེངས། “འོན་ཀྱང་བེད་སྤྱོད་བྱེད་པར་སྔོན་འགྲོའི་ཆ་རྐྱེན་གཉིས་ཡོད་དེ། གཅིག་ནི་སྤུས་ཚད་འགན་ལེན་གྱི་དུས་ལས་ཡོལ་ཟིན་པ་དང་། གཉིས་ནི་གསུམ་ཆ་གཉིས་ཡན་གྱི་དོ་བདག་གི་མོས་མཐུན་ཐོབ་དགོས། གལ་ཏེ་བློ་ཡིད་མ་ཚིམ་ཚེ་འཛུགས་སྐྲུན་ཕྱོགས་ཀྱིས་འགྲོ་གྲོན་གཏོང་དགོས”ཞེས་ཁྲིམས་རྩོད་པས་སྐད་ཤུགས་ཆེན་པོས་བཤད། དེ་རྗེས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ལས་དོན་པས་ཀྱང་ལྟ་ཚུལ་གཅིག་པ་གླེང་། འཛུགས་སྐྲུན་ཕྱོགས་ཀྱི་འཐུས་མིས་འཕྲལ་མར་གལ་ཏེ་གཏན་འབེབས་ལྟར་ཞིབ་བཤེར་བྱས་ནས་ཚད་ལོན་མེད་ཚེ། འགྲོ་གྲོན་གཏོང་གི་ཡིན་ཞེས་བཤད།
འགལ་བ་ཐག་གཅོད་ཐུབ་པས་གྲོང་མི་རྣམས་ཀྱིས་དགའ་བསུ་ཞུ་བ་དང་དྲ་ཐོག་ཐད་གཏོང་ཁང་དུ་ཡང“མཐེ་བོང་བསྒྲེང་མཁན”མང་བས་ཡན་ཧུང་ཤིན་གྱི་སེམས་པ་གཞི་ནས་ལྷོད་ལ་བབས།
དྲ་སྦྲེལ་ཐུབ་པ་དང་སྤྱི་འདོམས་འཆར་འགོད་ནུས་ལྡན་བྱས་པས་རྩོད་གཞི་འདུམ་སྒྲིག་བྱུང་བ།
“ཏི་ཏི་ཏི”ཞེས་གྲོང་ནུབ་ཆུས་ཀྱི་གཅིག་འཐུས་རྣམ་པའི་འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་སུ་ཉེན་བརྡ་གཏོང་བའི་སྒྲ་གྲགས་པ་རེད། “ཡང་སྡེ་ཁུལ་ལ་འདུམ་འགྲིག་དཀའ་བའི་གནད་དོན་འཕྲད་འདུག”ཅེས་ལྟེ་བའི་འགན་ཁུར་བ་སུན་ཨན་པིན་གྱིས་བྲེལ་འཚུབ་ངང་ཧའེ་ལུའུ་ཁྲོམ་གཞུང་གིས་བསྐུར་བའི་ཡིག་སྒྲིལ་ཁ་ཕྱེ་ནས་དབྱེ་ཞིབ་ཞིབ་ཕྲ་བྱས།
སྡེ་ཁུལ་གྱི་འདུམ་འགྲིག་སྟོབས་ཤུགས་མུ་མཐུད་དུ་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་གཅིག་གྱུར་གྱི་འདུམ་འགྲིག་ལྟེ་གནས་འཛུགས་དགོས་དོན་གང་ཡིན་ནམ།
“ཁྲོམ་གཞུང་དང་སྡེ་ཁུལ་གྱིས་ཐག་གཅོད་མི་ཐུབ་པའི་འགལ་བ་སྒྲིག་གཞིས་ཐག་གཅོད་དགོས”ཞེས་སུན་ཨན་པིན་གྱིས་ངོ་སྤྲོད་བྱས། འགལ་བ་ཐོན་ཚེ་གྲོང་མིས“འགལ་བ་དང་རྩོད་གཞི་ག་དུས་ཡིན་ཡང་སྙན་སེང་ཞུ”ཞེས་པའི་བྱ་རིམ་ཆུང་གྲས་བརྒྱུད་དེ་སྙན་སེང་ཞུ་ཆོག གལ་ཏེ་སྡེ་ཁུལ་གྱི་འདུམ་འགྲིག་ལ་དཀའ་ངལ་འཕྲད་ཚེ་ཁྲོམ་གཞུང་ལ་བརྒྱུད་བསྐུར་བྱེད་ཆོག ཡང་གལ་ཏེ་སྔར་བཞིན་སེལ་ཐབས་མེད་ན་གོང་ནས་ལྟེ་གནས་སུ་བརྒྱུད་བསྐུར་བྱས་ཏེ་རིམ་གསུམ་མཉམ་འགུལ་གྱི་མ་ལག་ཆགས་པར་བྱེད་དགོས།
“བྱེད་སྟངས་འདིས་སྡེ་ཁུལ་གྱི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་ཐུབ་ཡོད། གྲངས་གཞི་ཕྱོགས་བསྡུས་བྱས་པ་བརྒྱུད་ཆུས་ཡོངས་ཀྱི་འགལ་ཟླ་དང་རྩོད་གཞིའི་གནས་ཚུལ་གསལ་པོར་ཤེས་ཐུབ། གཞན་ཡང་འདུམ་འགྲིག་ལྟེ་གནས་དེ་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་སྣེ་ཁྲིད་དེ་བཙུགས་པའི་སྒྲིག་གཞི་ཞིག་ཡིན་པའི་ངོས་ནས། འདུམ་འགྲིག་དེ་བས་ཆེད་ལས་ཡིན་པ་དང་དེ་བས་མཉམ་ཤུགས་གཅིག་ཏུ་སྒྲིལ་ཐུབ་ལ། སྲིད་གཞུང་གི་འགན་ནུས་སྡེ་ཚན་ཁག་ཀྱང་དྲ་ཐོག་ནས་དུས་དང་རྣམ་པ་ཀུན་ཏུ་སྐད་གཏོང་ཐུབ། དེ་འཕྲེད་དུ་སྲིད་ཁྲིམས་དང་། ཡིག་བསྐུར་ངོ་བཅར། ཁྲིམས་ཁང་སོགས་སྡེ་ཚན་མང་པོ་ཞིག་ལ་ཁྱབ་པ་དང་གཞུང་དུ་སྡེ་ཁུལ་ལ་ཁྱབ་པའི་འགལ་ཟླ་དང་རྩོད་གཞི་སེལ་བའི་དྲ་རྒྱ་ཞིག་བཏོད་པ་དང་མཚུངས”ཞེས་སུན་ཨན་པིན་གྱིས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོའི་ཟླ་8པར་གྲོང་ནུབ་ཆུས་ཀྱི་གཅིག་འཐུས་རྣམ་པའི་འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་བཙུགས་ཚུན་ཁྱོན་བཅའ་ཁྲིམས་བློ་འདྲི་བྱེད་མཁན་མི་ཐེངས་768ལ་སྣེ་ལེན་ཞུས་པ་དང་། རྩོད་གཞི་241བདག་སྤྲོད་བྱས་པའི་ནང་རྩོད་གཞི་111འདུམ་འགྲིག་ལེགས་སྒྲུབ་བྱུང་བ་དང་། གྱོད་གཞི་44འདུམ་འགྲིག་བྱེད་བཞིན་ཡོད་པ་རེད།
རང་འགུལ་ངང་མདུན་གྲལ་དུ་སྐྱོད་པ་དང་སྙིང་ཉེ་བའི་ཞབས་འདེགས་ཞུས་པས་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ།
མི་རིང་བའི་གོང་ཤིན་ཉིང་ལམ་སྡེ་ཁུལ་ནུབ་མའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧོང་ལེན་གོ་ཡིས་སྐོར་ཞིབ་བྱེད་སྐབས་ཁོངས་གཏོགས་ཀྱི་ཁུལ་ཆུང་ཞིག་གི་རླངས་འཁོར་འཇོག་སའི་འཆར་འགོད་ལུགས་མཐུན་མེད་པས། རླངས་འཁོར་གང་སར་བཞག་ནས་མེ་ཟོན་བགྲོད་ལམ་བཀག་ཡོད་པ་ཤེས་རྟོགས་བྱུང་། ཁོང་གིས་འཕྲལ་དུ་ཁུལ་ཆུང་གི་སྡེ་ལས་དང་། གྲོང་ཁྱེར་དོ་དམ། འགྲིམ་འགྲུལ་ཉེན་རྟོག་པ་སོགས་དང་འབྲེལ་གཏུག་བྱས་ནས་ཁོང་ཚོ་དང་མཉམ་དུ་རླངས་འཁོར་འཇོག་སྟངས་གསར་པར་ཇུས་འགོད་བྱས་པ་དང་། ཉེ་འགྲམ་གྱི་རླངས་འཁོར་འཇོག་ས་གཞན་དག་ལ་རླངས་འཁོར་འཇོག་གནས་མཁོ་འདོན་བྱ་རྒྱུའི་མཐུན་སྦྱོར་ཀྱང་བྱས་པས། མེ་ཟོན་བགྲོད་ལམ་ཤར་གཏོང་ཐུབ་པ་མ་ཟད། ད་དུང་ཁུལ་ཆུང་གི་ལོ་མང་རིང་གི་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཡང་ཐག་གཅོད་ཐུབ་ཡོད།
“འགལ་བ་མང་པོ་ཞིག་ནི་གནད་དོན་ཆུང་ཆུང་ལས་བྱུང་བ་ཞིག་རེད། མི་སེར་གྱི་སེམས་ནང་གི་སེམས་ནད་ཆེ་ཆུང་གང་ཡིན་རུང་རང་འགུལ་ངང་ཤེས་རྟོགས་དང་། སྔོན་ནས་ཞུགས་པ། ཐག་གཅོད་གང་མགྱོགས་བཅས་བྱེད་དགོས”ཞེས་ཧོང་ལེན་གོ་ཡིས་དྲང་པོར་བཤད། ད་ཆ་གཞི་རིམ་གྱི་ལས་དོན་པ་དེ་བས་མང་བ་ཞིག་སྡེ་ཁུལ་གྱི་འཐབ་ས་དང་པོར་བསྐྱོད་དེ་རང་འགུལ་ངང་གནད་དོན་ཤེས་རྟོགས་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་མེད་པར་བཟོ་གི་ཡོད།
འགལ་བ་ནི་སེལ་བ་གཅིག་པུ་མིན། གཅིག་འཐུས་རྣམ་པའི་འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ཀྱི་གྲངས་གཞི་ཆེན་པོའི་ལས་སྟེགས་སུ“ད་ལོའི་འགལ་བ་དང་རྩོད་གཞིའི་རིགས་ཀྱི་བསྡོམས་རྩིས”གསལ་པོར་མཐོང་རྒྱུ་ཡོད། གསར་འགོད་པས་མཐོང་གསལ་ལྟར་ན། “ངལ་རྩོལ་རྩོད་གཞི”ཨང་དང་པོར་སླེབས་པ་དང་གྲངས་འབོར་124ཟིན་ཡོད། “འགལ་བའི་གྲངས་འབོར་ཅུང་མང་བའི་ཁྱབ་ཁོངས་སུ་ང་ཚོས་སྡེ་ཁུལ་ལ་དམིགས་སའི་རང་བཞིན་གྱི་གྲལ་བཤེར་བྱས་ནས་འགལ་བ་གཡོ་འགེབས་མི་བྱེད་པ་དང་དཀའ་ངལ་ལས་གཡོལ་ཐབས་བྱེད་མི་རུང་བའི་བླང་བྱ་བཏོན་ཡོད། འདུམ་འགྲིག་ལམ་ལྷོངས་བྱུང་བའི་འགལ་བ་ཟླ་བ་གཅིག་ནང་ང་ཚོས་འཚམས་ལན་སློག་གི་ཡོད། གྲོང་མིས་ཀྱང་བྱ་རིམ་ཆུང་གྲས་བརྒྱུད་ང་ཚོའི་ལས་ཀར་གདེང་འཇོག་བྱེད་ཆོག དེའི་དམིགས་ཡུལ་ནི་མི་སེར་ཚོ་བརྟན་ལྷིང་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཆེད་ཡིན”ཞེས་སུན་ཨན་པིང་གིས་ངོ་སྤྲོད་བྱས།