མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་གན་རྒྱ་བཞག་པའི་དངུལ་འབོར་སྐབས་གོང་མ་ལས་232%འཕར་བ།
གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་24པའི(གཤམ་དུ་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཞེས་བསྡུ་རྒྱུ)རིང་མཉམ་ལས་རྣམ་གྲངས་225ལ་བདེ་བླག་ངང་གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར་3470ཟིན་ནས་གན་རྒྱ་བཞག་པའི་གྲངས་འབོར་དང་གན་རྒྱ་བཞག་པའི་དངུལ་འབོར་སྐབས་གོང་མ་ལས་55%དང་232%སོ་སོ་འཕར་ནས་སྐབས་རིམ་བྱུང་གི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཟླ་7ཚེས་20ནས་ཚེས་24ཉིན་བར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བདེ་བླག་ངང་འཚོགས་ཤིང་། བརྗོད་དོན་གཙོ་བོ་ནི“སྒོ་དབྱེ་མཉམ་ལས·ལྗང་མདོག་འཕེལ་རྒྱས”ཞེས་པ་དེ་ཡིན་པ་དང་། དེའི་ནང་ལྗང་མདོག་འཕེལ་རྒྱས་དང་། མཉམ་ལས་སྤེལ་རེས། ཚོང་ཟོག་ཚོང་དོན་འགྲེམས་ཁང་། ཆིང་ནུས་ཐོན་ལས་ཀྱི་བརྗོད་དོན་གཙོ་བོའི་ཐང་ཆེན་བཅས་ཁག་བཞི་བཀོད་སྒྲིག་བྱས་ཡོད་པའི་ནང་འགྲེམས་ཚོགས་ཀྱིས་དངོས་རྫས་འགྲེམས་སྟོན་དང་ས་གནས་ས་ཐོག་ཏུ་ཉམས་ལེན་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཆིང་ནུས་བཀོལ་སྤྱོད་ཁྱབ་ཁོངས་ཀྱི་གསར་གཏོད་ཐོན་རྫས་འབོར་ཆེན་ཞིག་གཅིག་སྡུད་ཐོག་འགྲེམས་སྟོན་དང་ཁྱབ་གདལ་བཏང་ནས་ས་གནས་ས་ཐོག་ཏུ་མཉམ་ལས་ཀྱི་འདོད་མཐུན་20ལྷག་ཙམ་བཞག་པ་རེད། གན་རྒྱར་བལྟས་ན། འོད་ཤུགས་བཟོ་སྐྲུན་དང་གསོག་ནུས་གསར་པ་སོགས་ཀྱི་རྣམ་གྲངས་དེ་གན་རྒྱ་འཇོག་ཡུལ་གཙོ་བོར་གྱུར་ཡོད།
མཚོ་བོད་ས་མཐོར་གནས་པའི་མཚོ་སྔོན་ཞིང་ཆེན་དུ་ཆུ་དང་། རླུང་། འོད་སོགས་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བའི་ལེགས་ཆ་ཅུང་མངོན་གསལ་དོད་པོ་ཡོད། དེ་གོང་ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། མཚོ་སྔོན་ཞིང་ཆེན་གྱི་2023ལོའི་ལོ་སྟོད་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་25.9ཟིན་པ་དེ་དུས་མཚུངས་ལས་19.2%འཕར་བ་དང་། དེའི་ནང་ལིས་གློག་རྫས་དང་ཉི་ནུས་གློག་རྫས་སོགས་ནུས་རྒྱུ་གསར་པའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་ལྡབ་6འཕར་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དྲུང་ཆེ་གཞོན་པ་རུང་ཙེང་ཡན་གྱིས་སྐབས་འདིའི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་སྐབས་རིམ་བྱུང་གི་ཟིན་ཐོ་མཐོ་ཤོས་བཏོད་དེ་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་དང་། མཉམ་ལས་སྤེལ་རེས་ཀྱི་གྲོས་མོལ། ཕྱི་ཕྱོགས་ལ་གཟུགས་བརྙན་མངོན་པའི་ལས་སྟེགས་ཀྱི་ནུས་པ་བཅས་འདོན་སྤེལ་ནུས་ལྡན་བྱས་པས་ཆུ་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ཆེ་བ། ངོ་མཚར་དེ་བས་ཆེ་བ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད་ཅེས་བཤད།