ཝུ་ཀན་ཏར་གཟེངས་བསྟོད་རྟགས་མ་རག་པའི་རེ་སྒུག་བྱེད་པ།
—— ཝུ་ཀན་ཏའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་པས་ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ལ་རེ་སྒུག་བྱེད་པ།
“ངས་ཆུ་ཚད་ཡག་ཤོས་འདོན་རྒྱུ་ཡིན་ལ། འགྲན་ཡ་གྱོང་པོ་འཕྲད་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད། ངས་སེམས་ནུས་ཡོད་ཚད་འགྲན་བསྡུར་ནང་འཇོག་རྒྱུ་ཡིན”ཞེས་ཉིན་ཤས་གོང་ཝུ་ཀན་ཏའི་བྱ་སྒྲོའི་སྤོ་ལོའི་ལུས་རྩལ་པ་བཟོ་སྐྲུན་རིག་པའི་ཆེད་ལས་ཀྱི་སློབ་གྲྭར་ཡོད་མུས་ཀྱི་སློབ་ཆེན་སློབ་མ་ཁེན་ཉི་སི·མུའུ་དབན་པུས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་སྐོར་གླེང་སྐབས་དགའ་ཚོར་ཆེན་པོས་དེ་ལྟར་བརྗོད།
མུའུ་དབན་པུའུ་ཡིས་ཝུ་ཀན་ཏའི་སློབ་ཆེན་སློབ་མ་30ལྷག་ཙམ་དང་མཉམ་དུ་ཁྲེང་ཏུའུ་འཛམ་གླིང་གི་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་31ནང་ཞུགས་རྒྱུ་ཡིན་ཞིང་། ཝུ་ཀན་ཏའི་རྒྱལ་ས་ཁམ་ཕ་ལའི་སྒྲིག་ཆས་ཐབས་ཆག་ཡིན་པའི་བྱ་སྒྲོ་སྤོ་ལོ་རྒྱག་ཁང་ཞིག་ནང་ཁོང་གིས་སྦྱོང་བརྡར་བྱེད་ཞོར་དུ་གསར་འགོད་པར་རང་ཉིད་འཚར་ལོངས་ཀྱི་བརྒྱུད་རིམ་བརྗོད།
མུའུ་དབན་པུའུ་ཀྲུང་གོར་ཡོང་མྱོང་མེད་པས་ད་ཐེངས་ཁྲེང་ཏུའུ་རུ་བསྐྱོད་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ཁོང་གིས་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་དཀའ་ཚེགས་ཆེ་ལ་ཛ་དྲག་པོ་ཡོད་ནའང་གྲུབ་འབྲས་ཡག་པོ་ཞིག་ཐོབ་པའི་གྲ་སྒྲིག་བྱས་ཟིན་ཞེས་བརྗོད།
མུའུ་དབན་པུའུ་གནས་སའི་བྱ་སྒྲོ་སྤོ་ལོའི་རུ་ཁག་གི་རུ་སྣེ་ཁྲིད་མཁན་རྩལ་ཁྲིད་པ་ཧྥུའུ་ལའེ་ཏི·ཅི་ལ་པོས་ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་པའི་གོ་སྐབས་དཀོན་པོ་རེད། “ང་ཚོའི་ཚོགས་པ་དང་ང་ཚོའི་བྱ་སྒྲོ་སྤོ་ལོའི་རྣམ་གྲངས་ངོས་ནས་བརྗོད་ན་རྩ་ཆེའི་སློབ་སྦྱོང་གི་གོ་སྐབས་ཤིག་རེད”ཅེས་བརྗོད།
ཁམ་ཕ་ལའི་ཆུ་རྐྱལ་ཁང་ཞིག་ཏུ་བརྒྱུད་ལམ་སྣེ་མང་ཆེད་ལས་ཀྱི་སློབ་ཆེན་སློབ་མ་དབྱི་མན་ཉིའུ་ཨར·ཅི་ཝ་ནུའུ་ཁཱ་ཡིས་རུ་མི་ཚོ་དང་མཉམ་དུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་མ་བྱས་གོང་གི་གཅིག་སྡུད་སྦྱོང་བརྡར་མཐའ་མ་དེ་བྱེད་བཞིན་ཡོད་ཅིང་། ཁོང་གིས་གསར་འགོད་པར་ངས་ཁྲེང་ཏུའུ་ཡི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་རྒྱུའི་གྲ་སྒྲིག་བྱས་ནས་དུས་ཚོད་རིང་པོ་ཕྱིན་སོང་། ཁྲེང་ཏུའུ་རུ་རང་ཉིད་ཀྱི་རྒྱལ་ཁབ་ལ་གྲུབ་འབྲས་བཟང་པོ་ཐོབ་རྒྱུའི་རེ་བ་ཡོད་ཅེས་བརྗོད།
ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ཀྱི་ཝུ་ཀན་ཏའི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་ཕ་ཐེ་ལི་ཁེ·སའེ་པུའུ་ལི་པཱས་ཉིན་ཤས་གོང་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ཀྱི་ཚད་མཐོའི་གྲ་སྒྲིག་ལས་དོན་ལ་བསྔགས་བརྗོད་བྱས་ཤིང་། ཁོང་གིས་འགྲན་བསྡུར་གྲ་སྒྲིག་བྱེད་མཁན་དང་ཝུ་ཀན་ཏ་ཚུད་པའི་འགྲན་བསྡུར་ནང་ཞུགས་མཁན་ཕྱོགས་དབར་གྱི་འབྲེལ་གཏུག་ཐོག་མཐའ་བར་གསུམ་དུ་ཡག་པོ་བྱུང་ཡོད་ཅེས་བརྗོད་པ་རེད།
(ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁམ་ཕ་ལ་ནས་ཟླ་7ཚེས་24ཉིན་འབྱོར་པའི་གློག་འཕྲིན)