དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་འབྲུ་རིགས་བདེ་འཇགས་དང་དབུལ་པོ་ཉུང་གཏོང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་འདོད་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-07-27

    ཚེས་25ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་འབྲུ་རིགས་བདེ་འཇགས་ནི་མིའི་རིགས་ཀྱི་འཚོ་གནས་དང་འབྲེལ་བའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། འབྲུ་རིགས་བདེ་འཇགས་དང་དབུལ་པོ་ཉུང་གཏོང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། བཀྲེས་ལྟོགས་དང་དབུལ་ཕོངས་མེད་པའི་འཛམ་གླིང་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུར་གསར་འགོད་པས། གནས་ཚུལ་སྤེལ་བར་གཞིགས་ན། ཚེས་24ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་གོ་ལ་ཧྲིལ་པོའི་འབྲུ་རིགས་མ་ལག་སྦོ་ལུག་པས། ཉམས་ཞན་ཚོགས་སྤྱིར་དཀའ་ལས་བཟོ་རྒྱུ་ཡིན་པས་ངེས་པར་དུ་འབྲུ་རིགས་ཐོན་སྐྱེད་དང་འཛད་སྤྱོད་བྱེད་སྟངས་ལ་འགྱུར་ལྡོག་གཏོང་དགོས་ཞེས་བརྗོད་པ་རེད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་བྱ་ཆེད་འབད་བརྩོན་གང་དག་བྱ་རྒྱུ་ཡིན་ནམ་ཞེས་དྲིས།

    “ང་ཚོས་དྲུང་ཆེ་ཀུ་ཐེ་ལེ་སིའི་འབྲེལ་ཡོད་རྣམ་འགྱུར་ལ་དོ་སྣང་བྱུང་། མིག་སྔར་འཛམ་གླིང་གི་དཔལ་འབྱོར་སླར་གསོ་འགོར་བ་དང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་འབྲེལ་བ། དབུལ་ཕོངས་དང་བཀྲེས་ལྟོགས་ཀྱི་གནད་དོན་ད་དུང་ཐག་གཅོད་ཐུབ་མེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་རྒྱལ་སྤྱིའི་མཉམ་ལས་ལ་བརྟེན་ནས་ནུས་ལྡན་གྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས”ཞེས་མའོ་ཉིང་གིས་བརྗོད་པ་རེད།

    མའོ་ཉིང་གིས། ཀྲུང་གོ་ནི་འཛམ་གླིང་ཐོག་འབྲུ་རིགས་ཐོན་སྐྱེད་བྱེད་མཁན་གྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོ་ཡིན་པ་དང་གོ་ལ་ཧྲིལ་པོའི་རྨོ་ཞིང་གི་9%མ་ཟིན་ཡང་འཛམ་གླིང་འབྲུ་རིགས་ཀྱི་བཞི་ཆ་གཅིག་ཐོན་སྐྱེད་བྱས་པ་དང་མི་དུང་ཕྱུར་14ལྷག་ཙམ་གྱི་ལྟོ་གོས་གནད་དོན་ཐག་གཅོད་བྱས་པ་དེ་ནི་འཛམ་གླིང་གི་འབྲུ་རིགས་བདེ་འཇགས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་རེད་ཅེས་བརྗོད་པ་རེད།

    “གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་ཐད་ཀྲུང་གོས་ཀྱང་ཀྲུང་གོའི་ཇུས་གཞི་བཏོན་ནས་ཀྲུང་གོའི་བྱ་སྤྱོད་སྤེལ་ཡོད” མའོ་ཉིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་བཏོན་གནང་ནས་འབྲུ་རིགས་བདེ་འཇགས་དེ་གཙོ་གནད་མཉམ་ལས་ཁྱབ་ཁོངས་བརྒྱད་ཀྱི་གྲས་ཤིག་ཏུ་བརྩིས་གནང་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པའི་སྒྲོམ་གཞིའི་འོག་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་འབྲུ་རིགས་བདེ་འཇགས་ཀྱི་མཉམ་ལས་གྲོས་འགོ་བཏོན་ཡོད། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ལྷོ་ལྷོ་མཉམ་ལས་སྒྲོམ་གཞིའི་འོག་མ་དངུལ་རོགས་སྐྱོར་བྱེད་མང་ཤོས་དང་། རིགས་གཅིག་མཁས་ཅན་མངགས་མང་ཤོས། རྣམ་གྲངས་ལག་བསྟར་བྱེད་མང་ཤོས་བཅས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་རེད། ཀྲུང་གོས་རྒྱལ་ཁབ་དང་ས་ཁུལ་140ལྷག་ཙམ་དང་མཉམ་དུ་ཞིང་ལས་མཉམ་ལས་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཞིང་ལས་ལག་རྩལ་ཁག་1000ལྷག་ཙམ་ཁྱབ་གདལ་བཏང་སྟེ་རྣམ་གྲངས་ཁུལ་གྱི་ཞིང་ལས་སྐྱེ་དངོས་ཆ་སྙོམས་30%ནས་60%བར་ཐོན་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་80ལྷག་ཙམ་ལ་རྒྱུད་འདྲེས་ཆུ་འབྲས་ཆེད་ལས་ཀྱི་ལག་རྩལ་ཤེས་ལྡན་པ་ཁྲི་1.4ལྷག་ཙམ་གསོ་སྦྱོང་བྱས་པ། ཨ་ཧྥེ་རི་ཁར་ཞིང་ལས་འཕེལ་རྒྱས་དང་དབུལ་པོ་ཉུང་གཏོང་གི་དཔེ་སྟོན་གྲོང་ཚོ་13བསྐྲུན་འགོ་ཚུགས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་སྐྱེད་མཐོར་གཏོང་དང་འབྲུ་རིགས་བདེ་འཇགས་འགན་ལེན་གྱི་ནུས་པ་ཆེ་རུ་འགྲོ་བར་རོགས་རམ་ཏན་ཏིག་བྱས་ཡོད་ཅེས་བརྗོད་པ་རེད།

    མའོ་ཉིང་གིས“འབྲུ་རིགས་བདེ་འཇགས་ནི་མིའི་རིགས་ཀྱི་འཚོ་གནས་དང་འབྲེལ་བའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲུ་རིགས་བདེ་འཇགས་དང་དབུལ་པོ་ཉུང་གཏོང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། བཀྲེས་ལྟོགས་དང་དབུལ་ཕོངས་མེད་པའི་འཛམ་གླིང་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།