དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐལ་བཟང་མེ་ཏོག་ཇི་བཞིན་མེས་རྒྱལ་གྱི་མཐའ་མཚམས་སུ་རྩ་བ་ཚུགས།

    —— བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་བསྟར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-27

    འདི་ནི་ལྷུན་རྩེ་རྫོང་རྩ་རི་ཤང་གི་ལྷོ་པ་གྲོང་གསར་ཡིན་པ།

    2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐའ་མཚམས་སུ་གཞི་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་བ། ཕ་ཡུལ་འཛུགས་སྐྲུན་བཅས་ལ་སྐུལ་ལྕག་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

    རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས། “འདུ་འགོད་ཆེན་པོ་བདུན”ལག་བསྟར་གཏིང་ཟབ་བྱས་ཏེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པ”མཐའ་འཁྱོངས་ཀྱིས་བསམ་བློའི་ཐད་ནས་ཚད་མཐོའི་མཐོང་ཆེན་དང་། བྱ་སྤྱོད་ཀྱི་ཐད་ནས་སྒྲིག་འཛུགས་ཞིབ་ཚགས། ལས་ཀའི་ཐད་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་བར་བརྟེན། མཐའ་སྟོབས་ཀྱི་དོན་ཆེན་དོན་འཁྱོལ་ནུས་ལྡན་བྱུང་བ་མ་ཟད། གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད།

    གངས་ལྗོངས་ས་མཐོའི་དཔལ་འབྱོར་འཕར་ཁུལ་གསར་པ།

    གངས་རིའི་འདབས་ཀྱི་ནེའུ་གསིང་དུ་ལུག་ཁྱུ་བག་ཕེབས་ངང་རྩྭ་ཟ་བཞིན་མཆིས། གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གམ་པ་གྲོང་རྡལ་སྨན་སྡེ་གྲོང་ཚོར་རྒྱ་ཁྱོན་མུའུ་36ཡོད་པའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་དུ་ལུག་ཚང་དང་། ཕྱུགས་ནད་སྨན་ཁང་། ཚོད་ལྟ་ཁང་། གཟན་ཁང་། གཟན་རྩྭ་ལས་སྣོན་ཁང་བཅས་ཡོད། “གམ་པའི་ལུག་ཤའི་བྲོ་བ་ཞིམ་པས་ཉེ་རིང་གང་སར་སྐད་གྲགས་ཡོད། ང་ཚོས་ལུག་རར་གསོ་བ་དང་ཕྱེད་ལུག་རར་གསོ་བའི་བྱེད་ཐབས་སྤྱད་པ་མ་ཟད། སྔོན་ཐོན་ལག་རྩལ་ནང་འདྲེན་བྱས་ནས་ལུག་བཤའ་ཚད་མང་དུ་བཏང་ཡོད། ད་ཆ་གྲོང་ཚོ་ཡོངས་ཀྱི་དུད་ཚང་78ཀྱི་མི་303མཉམ་ལས་ཁང་ལ་ཞུགས་པ་དང་། 2021ལོའི་ལས་གཉེར་གཙོ་བོའི་ཡོང་འབབ་སྒོར་ཁྲི་137ལྷག་ཙམ་ཟིན་ཡོད”ཅེས་མཉམ་ལས་ཁང་གི་འགན་འཁུར་བ་དབང་འདུས་གྲགས་པས་བཤད།

    དིང་རི་རྫོང་འདྲེན་ཐང་གྲོང་ཚོས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་ཁྱིམ་ཚང་མགྲོན་ཁང་དང་བཟའ་བཏུང་ལས་རིགས་འཕེལ་རྒྱས་བཏང་བ་དང་། སྨན་གླིང་རྫོང་ཁྱུང་གླིང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ལོའི་ཡོང་འབབ་སྒོར་ཁྲི་500ཡན་ཟིན་པ། ལྷུན་རྩེ་རྫོང་ལྷོ་པ་གྲོང་ཚོས་ཡུལ་བབ་དང་བསྟུན་ནས་ཡུལ་སྐོར་དང་། རི་ཇ། ཀོ་ཤ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ། 2022ལོར་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཞིང་འབྲོག་མང་ཚོགས་ཀྱི་ལོ་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.5ཟིན་ཡོད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་མཐའ་མཚམས་རྫོང་དང་ཤང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་ནས་ལག་བསྟར་བྱས་པ་མ་ཟད། གཙོ་གནད་རྣམ་གྲངས་ཁག་གཅིག་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། ཚོད་ལྟའི་དཔེ་སྟོན་ལས་གྲྭ་ཁག་གཅིག་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པ། མཐའ་མཚམས་ས་ཁུལ་གྱི་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་ཕྱིན་ནས་ཞིང་འབྲོག་མང་ཚོགས་ཐག་ཉེ་ས་དང་ཡུལ་དེ་རང་དུ་འབབ་འཕར་ཕྱུག་འགྱུར་ཡོང་བར་རྒྱུན་མཐུད་སྣེ་ཁྲིད་བྱས་པར་བརྟེན་མཐའ་མཚམས་རྫོང་21གི་དཔལ་འབྱོར་བསྡོམས་འབོར་དང་གྲོང་མིའི་ཡོང་འབབ་མུ་མཐུད་འཕར་ཡོད།

    སྒར་རྫོང་འདེམ་འཇོག་གྲོང་ཚོའི“ས་རྡོའི་ཁང་པ”ད་ཆ“སྒོ་ར་རང་འགྲིག་གི་སྡོད་ཁང”གསར་པར་བསྐྲུན་པ་དང་། རྩ་མདའ་རྫོང་ཟ་ཧྲེང་ཤང་དུ་དགུན་དུས་གངས་བབས་ནས་རི་ལམ་འགག་པ་དེ་ལོ་རྒྱུས་སུ་གྱུར་པ། ལྷོ་བྲག་རྫོང་རྒྱལ་ནོར་བུ་གྲོང་ཚོར་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ་བཅས་ཤར་གཏོང་ཐུབ་པ། ལྷུན་རྩེ་རྫོང་ལྷོ་པ་གྲོང་གསར་དུ་བོད་བཟོའི་སྡོད་ཁང་གསར་པ་བསྐྲུན་པ། རྫ་ཡུལ་རྫོང་དར་དམར་གྲོང་ཚོའི་གྲོང་གསེབ་ཀྱི་སྨན་པ་ཉི་མས་རྒྱང་བསྟེན་ནད་དཔྱད་དྲ་བ་བརྒྱུད་བྲང་ཁོག་ན་བའི་ནད་པར་སྨན་བཅོས་བྱེད་ཐུབ།

    ཚན་རིག་དང་མཐུན་པའི་སྒོ་ནས་མཐའ་མཚམས་རིགས་དབྱེ་དང་མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་ཚད་ལྡན་དུ་བཏང་བ་དང་། མཐའ་དར་དམངས་ཕྱུག་གི་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་4བསྐྲུན་པ། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་624བསྐྲུན་པ། ཐེམ་ཁུངས་མཐའ་མཚམས་ནས་ཡིན་པའི་མི་འབོར་10.5%འཕར་བ། མཐའ་མཚམས་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་ལྡབ་3.7འཕར་ཡོད།

    གཞན་ཡང་། མཐའ་མཚམས་ཀྱི་རྫོང་དང་གྲོང་ཁྱེར་21ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་ཡོད་ལ། མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། གློག་དྲ་གཙོ་བོ་སྣུར་སྲིང་དང་ཕྱོགས་ཡོངས་ལ་ཁྱབ་པ་མ་ཟད། མཚོ་བོད་དང་། ཁྲོན་བོད། བོད་དབུས། མངའ་རིས་བཅས“གློག་ཤུགས་མཁའ་ལམ”4བསྐྲུན་པ་དང་མཐའ་མཚམས་ཀྱི་གྲོང་ཁྱེར་དང་། ས་ཁུལ། རྫོང་དང་གྲོང་ཁྱེར། ཤང་གྲོང་བཅས་ཚང་མར་གློག་དྲ་ཨ་མ་ནས་གློག་བཏང་བ། མཐའ་མཚམས་ཀྱི་གྲོང་ཁྱེར་དང་ས་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། རྫོང་དུ་དམའ་རིམ་སློབ་འབྲིང་དང་ཤང་དང་གྲོང་རྡལ་དུ་ལྟེ་བའི་སློབ་ཆུང་དང་བུ་བཅོལ་ཁང་བཅས་ཡོད།

    བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་འཐུས་སྒོ་ཚང་དུ་དང་། དེ་བས་འགན་ལེན། དེ་བས་རྒྱུན་མཐུད་བཅས་བྱུང་ཡོད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ།

    ཕྱོགས་བཞི་རི་བོས་བསྐོར་བའི་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་རིན་ཆེན་སྒང་གྲོང་ཚོའི་ཐོག་སོ་གཉིས་ལྡན་གྱི་བོད་བཟོའི་ཁང་སྟེང་དུ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

    རིན་ཆེན་སྒང་གྲོང་ཚོའི་ཨ་མ་ཟླ་སྐྱིད་དང་། ཚེ་རིང་ཆོས་སྒྲོན། བུ་ཁྲིད་བཅས་ཀྱིས་ཀྱག་ཀྱོག་གི་རི་ལམ་བརྒྱུད་དཔུང་སྡེའི་དཔོན་དམག་ཚོར་སྔོ་ཚལ་དང་ཡི་གེ་སྐྱེལ་བའི་གཏམ་རྒྱུད་དེ་བོད་ལྗོངས་སུ་ས་ཁྱབ་རྡོ་ཁྱབ་སོང་ཡོད།

    མཐའ་སྲུང་དམག་མིས་མེས་རྒྱལ་སྲུང་སྐྱོང་བྱེད། མཐའ་མཚམས་མང་ཚོགས་ཀྱིས་མཐའ་སྲུང་དམག་མིར་གཅེས། ལོ་ངོ་བཞི་བཅུའི་ཉ་ཆུ་ལྟ་བུའི་བརྩེ་སེམས་དེ་བས་ཟབ། ད་ཆ་མཐའ་སྲུང་སོ་ལྟ་ཁང་དུ་སྔོ་ཚལ་སྐྱེལ་མཁན་རིན་ཆེན་སྒང་གི་མང་ཚོགས་ཇེ་མང་དུ་འགྲོ་བཞིན་ཡོད།

    ཉིང་ཁྲིའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཆབ་ནག་མཐའ་མཚམས་མངགས་གཏོང་ཁང་གིས་ཆེད་མངགས་གཞུང་ལས་ཁང་ཞིག་ལོགས་སུ་བཀོད་སྒྲིག་བྱས་ནས“གཞིས་ལུས་བྱིས་པའི་ཁྱིམ་ཚང”བཙུགས་ནས་མི་དམངས་ཉེན་རྟོག་པས་ཕྲུ་གུ་ཚོར་སྦྱོང་ཚན་ཟུར་ཁྲིད་བྱེད་ཀྱི་ཡོད། མི་དམངས་ཉེན་རྟོག་པ་ལི་ཏུང་ཞུའེ་ནི་ཕྲུ་གུ་ཚོའི“ཨ་མ་ཉེན་རྟོག་པ”ཞིག་ཏུ་གྱུར། མི་དམངས་ཉེན་རྟོག་པ་སུན་པེའོ་དང་ཁྲེན་ཡུང་ཧྲེང་སོགས་ཀྱིས་ས་གནས་དེ་གའི་མཉམ་འགོག་རུ་མི་དང་ཡུལ་དམག་དང་མཉམ་དུ་རྟག་ཏུ་སྐོར་གཡེང་བྱེད་ཅིང་། མི་དམངས་ཉེན་རྟོག་པ་ཉིའུ་ཞའོ་ཡཱ་ཡིས་རྒྱུན་དུ་གྲོང་མི་ཚོར་དཀའ་ངལ་འཕྲད་རིམ་བཞིན་རོགས་པ་བྱེད་རྐྱང་བྱེད་ཀྱི་ཡོད་པས། གྲོང་མི་ཚོའི་བསྔགས་བརྗོད་ཐོབ་ཡོད།

    ཉེ་བའི་ལོ་ཤས་རིང་གཞིས་རྩེ་དང་། མངའ་རིས། ཉིང་ཁྲི། ལྷོ་ཁ་སོགས་གྲོང་ཁྱེར་དང་ས་ཁུལ་གྱིས་མཛེས་སྡུག་ལྡན་པའི་མཐའ་མཚམས་སྲུང་སྐྱོང་གི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་དང་། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཉམ་དུ་མཐའ་མཚམས་སྲུང་བར་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་སྲུང་སྐྱོང་ནུས་ལྡན། མཐའ་མཚམས་ས་ཁུལ་དུ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་ཟབ་མོ་བཏོད་པ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཕྱོགས་ཁག་ཏུ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་བཏང་ཡོད།

    མཐའ་སྲུང་གི་ལྕགས་རི་རིང་པོ་བརྟན་དུ་བཏང་བ།

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་བ་མ་ཟད། མཐའ་མཚམས་མང་ཚོགས་ཀྱི་རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ཀྱང་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད།

    ཉི་མ་དོན་གྲུབ་མི་རབས་ནས་མི་རབས་བར་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་འཁོར་ཆགས་གྲོང་ཚོར་འཚོ་བ་སྐྱེལ་ཞིང་། ཁོང་གི་ཕ་ཡུལ་དམག་ཡིན་པ་དང་། ཆུང་དུས་ནས་པཱ་སྤེན་པ་ཚེ་རིང་ལགས་ཀྱིས་མཐའ་མཚམས་སུ་སྐོར་གཡེང་བྱེད་པར་འགྲོ་བ་ཐེངས་མང་མཐོང་མྱོང་། གནས་ཚུལ་དེ་ད་བར་ཉི་མ་དོན་གྲུབ་ཀྱི་སེམས་ལ་གསལ་པོར་ངེས་ཡོད།

    པཱ་ལགས་ཀྱི་བསླབ་བྱ་ནན་པོའི་འོག་ཉི་མ་དོན་གྲུབ་ལོ་18ལ་སླེབས་སྐབས་གྲོང་ཚོའི་ཡུལ་དམག་རུ་ཁག་ལ་ཞུགས་ནས་འཁོར་ཆགས་གྲོང་ཚོའི་མཐའ་མཚམས་དང་སོ་ལྟ་ཁང་ཚང་མར་སྐོར་གཡེང་བྱེད་པའི་ལས་ལ་གཞོལ།

    སྒྲོལ་དཀར་དང་གཡང་འཛོམས་ཀྱིས་ལོ་བཅུ་ཉིན་གཅིག་ལྟར་ཕྱུགས་འཚོ་སྐོར་གཡེང་བྱས་ནས་ཡུལ་སྨད་ཀྱི་སྤྱི་ལེ་ངོས་གྲུ་སྟོང་ཕྲག་ཁ་ཤས་ཡོད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱས་ཤིང་། སྤུ་ཧྲེང་རྫོང་ཁྲེ་སྡེ་གྲོང་ཚོའི་ཡུལ་དམག་ཚོས་ཞུམ་མེད་ཀྱི་བློ་སྟོབས་དང་ངར་ཤུགས་ལ་བརྟེན་ནས་མེས་རྒྱལ་གྱི་མཐའ་མཚམས་བསྲུངས་ཡོད། ས་དགའ་རྫོང་འཕྲང་སྒོ་ཤང་སྦག་སྦག་སྐོར་གཡེང་རུ་ཁག་གིས་ཁ་བ་བུ་ཡུག་ལ་མི་འཛེམས་པར་སྤྱི་ལེ་བརྒྱ་ལྷག་ཙམ་ཟིན་པའི་མཐའ་མཚམས་ལ་སྐོར་གཡེང་བྱས་ཡོད། རྩ་མདའ་རྫོང་པ་ཁ་གྲོང་ཚོའི་མང་ཚོགས་ཀྱིས་ཕྱུགས་འཚོ་སྐོར་གཡེང་གི་མཐའ་མཚམས་སྲུང་བའི་ལས་འགན་སྒྲུབ་བཞིན་ཡོད།

    ད་ཆ་བོད་ཀྱི་མཐའ་མཚམས་ས་ཁུལ་ཕྱོགས་ཡོངས་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་ལམ་གསར་པར་སྐྱོད་བཞིན་ཡོད་པ་དང་། གངས་ལྗོངས་ས་མཐོའི་བུ་ཕྲུག་ཚོས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་སྐལ་བཟང་མེ་ཏོག་དང་འདྲ་བར་གངས་ལྗོངས་མཐའ་མཚམས་སུ་རྩ་བ་ཚུགས་པ་དང་། མཐའ་མཚམས་མི་སེར་གྱི་འཚོ་བར་འགན་ལེན་ཡོད་པ། ཕྱུག་འགྱུར་གྱི་ཐབས་ལམ་ཡོད་པ། མཐའ་མཚམས་སྲུང་བར་སྒུལ་ཤུགས་ཡོད་པ། འཕེལ་རྒྱས་ལ་འདེགས་སྐྱོར་ཡོད་པ་བཅས་ཀྱི་མཐའ་མཚམས་ས་ཁུལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་མངོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།