ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།
ཁམ་ཕུ་ཁྲེས་རྒྱལ་ཡོངས་ཀྱི་འདེམས་བསྐོ་ཆེན་པོ་སྐབས་བདུན་པ་བདེ་བླག་ངང་སྤེལ་བར་ཀྲུང་གོ་ཕྱོགས་ཀྱིས་རྟེན་འབྲེལ་ཞུ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། ཁམ་ཕུ་ཁྲེས་རྒྱལ་ཡོངས་ཀྱི་འདེམས་བསྐོ་ཆེན་པོ་སྐབས་བདུན་པ་བདེ་བླག་ངང་སྤེལ་བར་ཀྲུང་གོ་ཕྱོགས་ཀྱིས་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ། ཀྲུའུ་ཞི་ཧུང་སེན་གྱི་སྣེ་ཁྲིད་འོག་ཁམ་ཕུ་ཁྲེ་མི་དམངས་ཏང་ལ་འདེམས་བསྐོ་ཆེན་པོར་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ། ཁམ་ཕུ་ཁྲེར་རྒྱལ་ཚོགས་དང་སྲིད་གཞུང་སྐབས་གསར་པ་བདེ་བླག་ངང་ཐོན་པའི་སྨོན་འདུན་ཞུ། ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་སྤུས་ཚད་མཐོ་པོ་དང་། ཆུ་ཚད་མཐོ་པོ། ཚད་གཞི་མཐོ་པོ་བཅས་ཀྱི་དུས་རབས་གསར་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་འདུས་གྲུབ་མགྱོགས་མྱུར་གཏོད་འདོད་ཡོད་ཅེས་བརྗོད་པ་རེད།
ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུར་གསར་འགོད་པས། ཁམ་ཕུ་ཁྲེ་མི་དམངས་ཏང་གིས་རྒྱལ་ཡོངས་ཀྱི་འདེམས་བསྐོ་ཆེན་པོ་སྐབས་བདུན་པར་རྒྱལ་ཁ་ཐོབ་པའི་ཁྱབ་བསྒྲགས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་གདེང་འཇོག་གང་ཞིག་བྱེད་རྩིས་ཡོད་དམ། ཀྲུང་གོ་དང་ཁམ་ཕུ་ཁྲེའི་དབར་གྱི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ལ་རེ་སྒུག་གང་ཞིག་བྱེད་ཀྱི་ཡོད་དམ་ཞེས་དྲིས།
མའོ་ཉིང་གིས“ཁྱིམ་མཚེས་རྒྱལ་ཁབ་ཡག་པོ་དང་གྲོགས་པོ་བཟང་པོའི་ངོས་ནས། ཁམ་ཕུ་ཁྲེས་རྒྱལ་ཡོངས་ཀྱི་འདེམས་བསྐོ་ཆེན་པོ་སྐབས་བདུན་པ་བདེ་བླག་ངང་སྤེལ་བར་ང་ཚོས་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ། ཀྲུའུ་ཞི་ཧུང་སེན་གྱི་སྣེ་ཁྲིད་འོག་ཁམ་ཕུ་ཁྲེ་མི་དམངས་ཏང་ལ་འདེམས་བསྐོ་ཆེན་པོར་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ། ཁམ་ཕུ་ཁྲེར་རྒྱལ་ཚོགས་དང་སྲིད་གཞུང་སྐབས་གསར་པ་བདེ་བླག་ངང་ཐོན་པའི་སྨོན་འདུན་ཞུ། འབྱུང་འགྱུར་ཁམ་ཕུ་ཁྲེར་རྒྱལ་ཁབ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་རིང་གྲུབ་འབྲས་དེ་བས་ཆེན་པོ་འཐོབ་པ་དང་མི་དམངས་ལ་བདེ་རྩ་དེ་བས་མང་པོ་འཐོབ་པའི་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།
ཁོང་གིས་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཁམ་ཕུ་ཁྲེའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་བྱུང་ཞིང་། ཕྱོགས་གཉིས་པོས་ཚད་མཐོའི་ཡིད་ཆེས་དང་། མཉམ་ལས་དམ་ཟབ། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ནས་ས་ཁུལ་གྱི་མཉམ་ལས་ལ་སྐུལ་འདེད་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཕུལ་ཡོད་ལ། རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་གནས་དང་གཉིས་ཁེ་གཉིས་ཕན་གྱི་དཔེ་མཚོན་ཞིག་ཏུའང་གྱུར་ཡོད་ཅེས་བརྗོད་པ་རེད།
མའོ་ཉིང་གིས་འདི་ལོ་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་65འཁོར་བའི་ལོ་རེད་ལ“ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་ལོ”ཡང་རེད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་ཐུན་མོང་འབད་བརྩོན་དང་མི་རབས་ནས་མི་རབས་དབར་གྱི་མཛའ་གྲོགས་རྒྱུན་འཛིན་བྱས་ཏེ། སྤུས་ཚད་མཐོ་པོ་དང་། ཆུ་ཚད་མཐོ་པོ། ཚད་གཞི་མཐོ་པོ་བཅས་ཀྱི་དུས་རབས་གསར་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་འདུས་གྲུབ་མགྱོགས་མྱུར་བཏོད་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་གཏོད་འདོད་ཡོད་ཅེས་བརྗོད་པ་རེད།