དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་སྐྲུན་རོགས་བྱས་པའི་ནི་ཀྲེར་གྱི་གཞུང་ལམ་ཉམས་བཟོའི་རྣམ་གྲངས་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-26

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་པི་རང་ནས་གློག་འཕྲིན་འབྱོར་གསལ། ནི་ཡ་མེ་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཀྲུང་གོས་སྐྲུན་རོགས་བྱས་པའི་ནི་ཀྲེར་གྱི་ཨ་པ་ལ་ཁེ་ནས་ཐ་མ་ཡ་བར་གྱི་གཞུང་ལམ་ཉམས་བཟོའི་རྣམ་གྲངས་ཉེ་ཆར་ཨ་པ་ལ་ཁེ་ཞིང་ཆེན་དུ་ལས་འགོ་ཚུགས་པ་དང་། ནི་ཀྲེར་གྱི་ཙུང་ཐུང་པ་ཙུ་མུ་དང་། ནི་ཀྲེར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཅང་ཧྥུང་། ནི་ཀྲེར་སྒྲིག་ཆས་པུའི་པུའུ་ཀྲང་མོ་ཁེ་ཐ་སོགས་འགོ་ཚུགས་མཛད་སྒོར་ཕེབས་ཡོད།

    ནི་ཀྲེར་ལ་སྐྲུན་རོགས་བྱས་པའི་ཨ་པ་ལ་ཁེ་ནས་ཐ་མ་ཡ་བར་གྱི་གཞུང་ལམ་ཉམས་བཟོའི་རྣམ་གྲངས་ནི་ཀྲེར་གྱི་དབུས་ལྷོར་གནས་པའི་ཨ་པ་ལ་ཁེ་ཞིང་ཆེན་དུ་ཡོད་པ་དང་། དེ་ནི་ཀྲུང་གོ་ཨར་ལས་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བ་ཞིག་རེད།

    པ་ཙུ་མུ་ཡིས་འགོ་ཚུགས་མཛད་སྒོར་ཤིས་ཚིག་སྒྲོན་སྐབས། རྣམ་གྲངས་འདི་བསྐྲུན་རྗེས་ནི་ཀྲེར་གྱི་ལྷོ་བྱང་གཉིས་ཀྱི་འགྲིམ་འགྲུལ་སྲོག་རྩ་སྦྲེལ་ནས་ཐོན་ཁུངས་གཙོ་བོ་འཁོར་རྒྱུག་སྔར་བས་བདེ་རུ་འགྲོ་བ་མ་ཟད། ནི་ཀྲེར་གྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཡོང་བར་ཡང་སྣེ་ཁྲིད་ཐུབ་སྲིད། དེར་བརྟེན་ཀྲུང་གོ་ཕྱོགས་ཀྱིས་ཡུན་རིང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་ནི་ཀྲེར་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནི་ཀྲེར་ལ་སྐྲུན་རོགས་བྱས་པའི་ཨ་པ་ལ་ཁེ་ནས་ཐ་མ་ཡ་བར་གྱི་གཞུང་ལམ་ཉམས་བཟོའི་རྣམ་གྲངས་ལ་ལམ་གཞི་དང་། ལམ་ངོས། ཆུ་གཤོང་། འགོག་སྲུང་། ཟམ་སྦུག ལམ་རྒྱུད་ཀྱི་སྒྲིག་ཆས་སོགས་ཀྱི་ཉམས་བཟོའི་ལས་དོན་ཚུད་པར་ཁྱོན་རིང་ཚད་ལ་སྤྱི་ལེ་70.92ཟིན་པ་དང་ལས་ཡུན་ཟླ་བ་30རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།