ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་གཏོང་འགོ་ཚུགས་ནས་ཉིན་བརྒྱ་ལྷག་ཙམ་སོང་བ།
མཐའ་མཚམས་ནས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་4ཡན་ཟིན་པ།
འདི་ནི་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་ཤིས་ཧྲོང་པན་ནཱའི་ཁོངས་སུ་སྐྱོད་བཞིན་པ།
ཟླ་7ཚེས་24ཉིན་བར་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་བཏང་ནས་ཉིན་བརྒྱ་ལྷག་ཙམ་སོང་བར་གླིང་ཆེན་དྲུག་གི་རྒྱལ་ཁབ་དང་ས་ཁུལ་49ཡི་མི་ཐེངས་42602ལ་ཞིབ་བཤེར་བྱས་ནས་བཏང་བ་ལས། རྒྱལ་མཚམས་ནས་འཛུལ་མཁན་མི་ཐེངས་22476དང་། རྒྱལ་མཚམས་ནས་དོན་མཁན་མི་ཐེངས་20126ཟིན་ཡོད།
འདི་ལོའི་ཟླ་4ཚེས་13ཉིན་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་མེ་འཁོར་ལ་བསྡད་དེ་མཐའ་མཚམས་ནས་འགྲོ་འོང་དང་ཡུལ་སྐོར་ལ་འགྲོ་མཁན་ཀྲུང་གོ་དང་ལོ་སིའི་མང་ཚོགས་ཀྱི་འདུན་པ་བསྐང་ཆེད། ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་པོས་སྐུལ་འདེད་ཧུར་ཐག་བཏང་བར་བརྟེན་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ཁུན་མིང་བབས་ཚུགས་ལྷོ་མ་དང་། ཝན་ཐེན་བབས་ཚུགས་གཉིས་ནས་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་ཕྱོགས་སོ་སོར་གཏོང་རེས་ཐུབ་པ་དེས། ཁུན་མིང་ནས་ཝན་ཐེན་ལ་ཉིན་དེ་རང་དུ་འབྱོར་གྱི་ཡོད་པ་རེད།
གསར་འགོད་པར་ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ“རྒྱལ་ཁབ་ལྕགས་ལམ་ཁུན་མིང་ཅུས”ཞེས་པ་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར། 2023ལོའི་ཟླ་7ཚེས་25ཉིན་ནས་བཟུང་། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱིས་མེ་འཁོར་འཁོར་སྐྱོད་ཀྱི་དཔེ་རིས་གསར་པ་ལག་ལེན་བསྟར་ཏེ། ཁུན་མིང་ནས་ཝན་ཐེན་བར་ལ་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་D887/8ཀྱི་འཁོར་སྐྱོད་དུས་ཚོད་དེ་སྔོན་ལས་ཆུ་ཚོད་1ལྷག་ཙམ་གྱིས་ཐུང་དུ་སོང་ནས་འགག་སྒོ་སྒྲོལ་བའི་ལས་ཕྱོད་ཆེ་རུ་མངོན་གསལ་ཕྱིན་པ་དེས་ལམ་བརྒྱུད་ཧྲིལ་པོར་སྐྱོད་པའི་དུས་ཡུན་ཆུ་ཚོད་10དང་སྐར་མ་30དེ་ཆུ་ཚོད་9དང་སྐར་མ་26བར་ཐུང་དུ་བཏང་སྟེ་སྐར་མ་64ཐུང་དུ་ཕྱིན་ཡོད་པ་རེད།
ལྕགས་ལམ་སྡེ་ཚན་གྱིས་དབྱར་གསེང་སྐྱེལ་འདྲེན་རིང་། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་མེ་འཁོར་ལ་སྡོད་མཁན་འགྲུལ་པ་མང་བའི་དུས་ཡིན་པས་ལྕགས་ལམ་སྡེ་ཚན་གྱིས་འགྲུལ་པ་མང་ཉུང་གི་འགྱུར་ལྡོག་ལ་བལྟས་ཏེ“ཉིན་རེར་དཔེ་རིས་རེ”ལག་ལེན་བསྟར་ནས། མེ་འཁོར་ཕན་ཚུན་གཏོང་ཐེངས་སྐབས་བསྟུན་ལེགས་སྒྲིག་བྱེད་་པ་དང་། ཕྱིར་སྐྱོད་པའི་དགོས་མཁོ་ཡོད་མཁན་འགྲུལ་པས་12036གི་ཁ་པར་གྱི་APPདང་མེ་འཁོར་བབས་ཚུགས་ཁག་གི་སྤྱི་བསྒྲགས་ལ་དོ་སྣང་བྱེད་དགོས་པ་མ་ཟད། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་མེ་འཁོར་འཁོར་སྐྱོད་དཔེ་རིས་ལེགས་སྒྲིག་བྱས་རྗེས་ཀྱི་འགྲུལ་སྐྱེལ་མེ་འཁོར་གཏོང་བའི་དུས་ཚོད་ལ་དོ་སྣང་བྱས་ཏེ་ཡུལ་སྐོར་ལ་མ་བསྐྱོད་གོང་གི་འཆར་གཞི་ཡག་པོ་འདིང་དགོས་པའི་དྲན་སྐུལ་བྱས་ཡོད།