དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་གསར་པ་གཏོད་པ།

    —— བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་བསྟར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-26

    འདི་ནི་གཞིས་རྩེའི་མྱང་ཆུའི་འདམ་ར་ཡིན་པ། (དཔྱད་གཞིའི་པར་རིས)

    མཚོ་བོད་ས་མཐོའི་སྐྱེ་ཁམས་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་ཟབ་མོ་གནང་གི་ཡོད། 2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས“བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་བསྐྲུན་ནས་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།

    དེང་གི་བོད་དུ་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ནགས་བཟོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་། མཐོ་གྲང་ལྗོན་ཤིང་རིགས་ནག་ཆུར་འདེབས་འཛུགས་བྱས་པ། ཤྭ་བ་མཆུ་དཀར་ལྷ་ས་སྐྱིད་ཆུའི་ངོགས་སུ་ཐོན་པ། གཙོད་ཁྱུ་གདང་ལའི་ཁུལ་དུ་གནས་སྤོ་བ་ལ་སོགས་ས་གཙང་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།

    མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇཊ་སྲུང་བཅད་བརྟན་པོ་འཛུགས་པ།

    2022ལོའི་ལོ་མཇུག་ཏུ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་སོགས་སྡེ་ཚན་མང་པོས་མཉམ་འབྲེལ་ཐོག《རྒྱལ་ཁབ་སྤྱི་གླིང་གི་བར་མཐོངས་བཀོད་པའི་ཇུས་གཞི》བཀྲམ་ནས་རྒྱལ་ཁབ་སྤྱི་གླིང་གི་འོས་འདེམས་ཁུལ(དངོས་སུ་བཙུགས་པའི་རྒྱལ་ཁབ་སྤྱི་གླིང་5ཚུད་པ)49བདམས་པ་དང་། བོད་བྱང་ཐང་དང་ཇོ་མོ་གླང་མ་སོགས་ས་ཁོངས་6རྒྱལ་ཁབ་སྤྱི་གླིང་གི་བར་མཐོངས་བཀོད་པའི་ཁོངས་སུ་བཅུག་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་དང་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་བཙུགས་པ་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ཡོད།

    རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཛོམས་དགའ་ཡིས། འཛུགས་བཞིན་པའི་བྱང་རྩྭ་ཐང་རྒྱལ་ཁབ་སྤྱི་གླིང་ནི་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་མ་ལག་སྒྲོམ་གཞིའི་ནང་གི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་བཅད་ཀྱི་བྱེད་པོ་གཙོ་བོ་དེ་ཡིན་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་29.8ཙམ་ཟིན་ཞིང་། ནག་ཆུ་དང་མངའ་རིས་གཉིས་ཀྱི་རྫོང་6དང་འབྲེལ་བ་ཡོད་པ་དང་། འཛམ་གླིང་གི་མཐོ་གྲང་ཐང་རྒོད་དང་མཐོ་གྲང་རྩྭ་ཐང་སྲུང་སྐྱོང་ཁུལ་ཆེ་ཤོས་དང་དེ་བཞིན་འཛམ་གླིང་གི་གཙོད་གནས་སྤོ་དང་བརྒྱུད་སྤེལ་གྱི་ཁྱུ་ཚོགས་ཆེ་ཤོས། ས་མཐོའི་འཁྱག་ས་དང་། ས་ཆུ་སྲུང་འཛིན། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    བསྐྲུན་བཞིན་པའི་ཇོ་མོ་གླང་མའི་རྒྱལ་ཁབ་སྤྱི་གླིང་གི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་3.37ཟིན་པ་དེ་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་4དང་འབྲེལ་བ་ཡོད་པ་དང་། ཇོ་མོ་གླང་མ་ཚབ་མཚོན་དུ་གྱུར་བའི་འཛམ་གླིང་གི་ཤིན་ཏུ་མཐོ་བའི་རི་ཚོགས་ཀྱིས་ཡོངས་སུ་ཁྱབ་པ་དེ་ནི་གོ་ལ་ཧྲིལ་པོའི་གངས་རི་དང་འཁྱགས་རོམ་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།

    མིག་སྔར་བོད་ཀྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་བསྐྲུན་པའི་ལག་བསྟར་ཇུས་གཞིའི་བླང་བྱ་ལྟར། བྱང་རྩྭ་ཐང་དང་། ཇོ་མོ་གླང་མ། གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ། ཡར་ཀླུང་གཙང་པོའི་རོང་ཆེན། ཀའོ་ལི་ཀུང་རི་བོ། གཙང་གསུམ་ཆུ་འགོ་སོགས་རྒྱལ་ཁབ་སྤྱི་གླིང་གི་བར་ཁྱམས་བཀོད་པའི་ནང་བཅུག་པའམ་ཡང་ན་བསྐྲུན་རྒྱུའི་ཆོག་མཆན་དངོས་སུ་ཐོབ་ཡོད། བོད་འདི་ཉིད་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་གྲངས་འབོར་མང་ཤོས་དང་། རྒྱ་ཁྱོན་ཆེ་ཤོས། རྒྱལ་ཁབ་ས་ཆ་བཟུང་ཁྱོན་གྱི་བསྡུར་ཚད་མཐོ་ཤོས་བཅས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་འགྱུར་རྒྱུ་རེད།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“ལྗང་མདོག་གི་གོས་བཟང”མཛེས་ཤོས་བཏོད་པ།

    ཉེ་བའི་ལོ་ཤས་རིང་བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་མ་བརྗེད་པར“ས་གཙང”སྲུང་བའི་བྱེད་ཐབས“རིམ་སྤོར”ཡང་ཡང་བྱས་ཡོད།

    འདི་ལོའི་དཔྱིད་ཀ་ཤར་མ་ཐག་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རེས་སྐོར་གསར་པའི་འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་ཞིང་། “ལོ་ལྔའི་ནང་རི་ཀླུང་སྔོ་ལྗང་གིས་བཀླུབས་པ་དང་ལོ་བཅུའི་ནང་ལྷ་སར་སྔོ་ལྗང་གིས་ཁྱབ་པའི”འདུན་པ་བཟང་པོ་བཅངས་ནས་འཛུགས་སྐྲུན་པ་གྲངས་ལས་འདས་པས་ནགས་བཟོའི་ལས་ལ་གཞོལ་ཡོད།

    ལྷོ་རི་བྱང་རིའི་སྔོ་འགྱུར་ནི་ལྷ་སའི་སྐྱེ་ཁམས་ཀྱི་ལས་གྲྭ་གལ་ཆེན་ཞིག་ཡིན་པ་དང་། ཆུ་རྩ་གསོ་འཁྱོངས་དང་། ས་ཆུ་སྲུང་འཛིན། མཁའ་རླུང་གཙང་བཟོ་སོགས་ལ་སྐྱེ་ཁམས་ཀྱི་ཕན་འབྲས་ཆེན་པོ་ཐོན་ཡོད་ལ། གྲོང་མི་མང་ཚོགས་ལ་སྐྱེ་ཁམས་ལེགས་པའི་འཚོ་བ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

    རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་35ལྷག་ཙམ་ཡོད་པའི་ནག་ཆུ་གྲོང་ཁྱེར་འདི་ཉིད་ས་བབ་མཐོ་བ་དང་། འཁྱགས་སའི་བང་རིམ་གཏིང་ཟབ་པ། དགུན་དུས་རླུང་འཚུབ་ཆེ་བ། དྲོད་ཚད་དམའ་བ། ཉིན་དང་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་སོགས་རྒྱུ་རྐྱེན་མང་པོས་རྐྱེན་པས་དེ་གར་ཤིང་སྐྱེ་འཚར་གྱི་དུས་ཡུན་ཐུང་བ་དང་སྡོང་ཕྲུག་རྩ་བ་ཚུགས་དཀའ་བས་ས་ཁོངས་མང་ཆེ་བར་ལྗོན་ཤིང་གསོན་ཐུབ་ཀྱི་མེད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཚན་རྩལ་པུའུ་དང་མཉམ་དུ་ནག་ཆུར་གྲོང་ཁྱེར་དང་གྲོང་རྡལ་དུ་ཤིང་འཛུགས་པའི་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་སྔོ་འགྱུར་བྱ་ཐབས་ཀྱི་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱས་པ་དང་། སྣེ་འདྲེན་ཁེ་ལས་ཀྱིས་ཚན་ཞིབ་ཚན་པ་མང་པོ་དང་མཉམ་འབྲེལ་གྱིས་འགག་སྒྲོལ་བྱས་པ་བརྒྱུད། མཚོ་སྔོན་གྱི་གསོམ་སྡོང་དང་། མདོ་ལའི་ཤུག་པ། རི་མཐོའི་ལྕང་ཤིང་སོགས་ས་མཐོའི་མཐོ་གྲང་གི་ཤིང་རིགས་8གྲུབ་འབྲས་ཐོབ་པའི་ངང་འདེམས་གསོ་བྱས་པ་དང་རིམ་རྩིས་བྱས་ན་སྡོང་རྐང་ཁྲི་40ལྷག་ཙམ་བཏབ་པ་དང་སྡོང་རྐང་ཁྲི་30ལྷག་ཙམ་གསོན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར་བོད་ཀྱིས་ནགས་བཟོ་མུའུ་ཁྲི་120ཡན་བྱེད་པ་དང་ཞན་འགྱུར་རྩྭ་ཐང་མུའུ་ཁྲི་500ཡན་སླར་གསོ་བཅོས་སྒྲིག་བྱ་རྩིས་ཡོད་པ་དང་། ཆབས་ཅིག་གཞི་རིམ་གྱི་སྐྱེ་ཁམས་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སྔར་བས་གསབ་ནས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་བཅས“སྙིགས་མེད་གྲོང་ཁྱེར”དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་རེད།

    ཟླ་7ཚེས་18ཉིན་བོད་ཀྱི་ནགས་རྩྭའི་ཐཱན་འདུས་རྣམ་གྲངས་ཐོག་མ་དེ་ལྷ་སར་གྲུབ་འབྲས་ཐོབ་པའི་ངང་ཉོ་ཚོང་བྱས་ཤིང་། ཐཱན་འདུས་ཚད་ཏུན་ཁྲི་5ཟིན་པར་ཉོ་ཚོང་སྒོར་ཁྲི་130ཟིན་ཡོད། རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ཝུའུ་ཝུའེ་ཡིས། བོད་ཀྱི་ནགས་ཚལ་དང་རྩྭ་ཐང་གི་ཐཱན་འདུས་རྣམ་གྲངས་བདེ་བླག་ངང་ཉོ་ཚོང་ཐེངས་དང་པོ་བྱས་པ་དེ་ནི་བོད་ཀྱི་ནགས་རྩྭའི་སྐྱེ་ཁམས་ཀྱི་རིན་ཐང་གཞན་སྒྱུར་གྱི་ཚོད་ལྟ་གལ་ཆེན་ཞིག་དང་། སྤྱི་ཚོགས་ཀྱི་མ་རྩ་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ལ་གཏོང་རྒྱུར་ཁྲིད་སྟོན་བྱེད་པའི་འཚོལ་ཞིབ་གལ་ཆེན་ཞིག་ཡིན་ལ། “རི་སྔོན་ཆུ་དྭངས”དེ“གསེར་རི་དངུལ་རིར”བསྒྱུར་བའི་ལག་ལེན་གལ་ཆེན་ཞིག་ཀྱང་ཡིན་ཞེས་བརྗོད།

    སྐྱེ་ཁམས་ལས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་པ།

    འདི་ལོའི་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན། ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་50%སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་པ་དང་། རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་དང་ནགས་ཚལ་ཁེབས་ཚད་གཉིས་ཀ་མཐོ་རུ་ཕྱིན་པ། ཐང་རྒོད་ཅན་དང་བྱེ་འགྱུར་ས་ཞིང་གི་རྒྱ་ཁྱོན་གཉིས་ཀ་ཆུང་དུ་ཕྱིན་པ། མཁའ་རླུང་དང་། ཆུ། ས་རྒྱུ་བཅས་ཀྱི་སྤུས་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བཅས་ཞིང་འབྲོག་མང་ཚོགས་འབོར་ཆེན་ཞིག་རི་སྔོན་ཆུ་དྭངས་ཀྱི་སྲུང་སྐྱོང་བ་དང་ཕན་པ་ཐོབ་མཁན་དུ་གྱུར་ཡོད།

    ཞིང་པ་དཀྱུས་མ་ཞིག་ནས་ཕ་ཡུལ་གྱི་སྡོང་ཕྲུག་གི་དོ་དམ་པའི་བར་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་གྲོང་ཚོའི་གྲོང་མི་ཚེ་རིང་གཡང་འཛོམས་ལ་ཕ་ཡུལ་གྱི་ཁོར་ཡུག་འགྱུར་ལྡོག་ལས་ཕན་པ་ཐོབ་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས“གྲོང་ཚོ་ནས་ང་ལ་སྡོང་ཕྲུག་དོ་དམ་པའི་འགན་འཁུར་དུ་བཅུག་བྱུང་། གཙོ་བོ་སྡོང་ཕྲུག་ལ་ཆུ་དང་ཡལ་བཞུར་རྒྱག་རྒྱུ་དེ་རེད། རང་ཉིད་ཀྱིས་གཡོག་བྱེད་བྱས་པའི་སྡོང་ཕྲུག་ཉིན་རེ་ལས་མ་འདས་པར་སྐྱེ་འཚར་ཡག་པོ་ཡོད་པ་མཐོང་སྐབས་གྲུབ་འབྲས་ཆེན་པོ་ཐོབ་པའི་ཚོར་སྣང་ཡོང་གི་འདུག”ཅེས་བཤད།

    “ལོ་དེ་དག་ནང་རྫོང་གིས་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་ཁྱད་ལྡན་ཡུལ་སྐོར་ཐོན་ལས་ཧུར་ཐག་བཏོད་དེ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་བཙུགས་པ་དང་གྲོང་ཚོའི་ཁོར་ཡུག་སྔར་བས་ལེགས་སུ་བཏང་བས་ང་ཚོའི་ཡོང་འབབ་སྔར་བས་མང་དུ་ཕྱིན་ཡོད”ཅེས་སྐྱེ་ཁམས་ལས་ཐོབ་པའི་ཁེ་སྤོགས་དག་ཚེ་རིང་གཡང་འཛོམས་ཀྱིས་རེ་རེ་བཞིན་དུ་བགྲངས།

    རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་ལི་སང་གིས“2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ཐོག“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་གྲུབ་འབྲས་ཐོབ་པ་དང་དུས་མཚུངས། ད་དུང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དམངས་ཕྱུག་སྔོན་དར་ཁུལ་རྒྱུན་ཆད་མེད་པར་འཛུགས་སྐྲུན་བྱས་ཏེ། སྐྱེ་ཁམས་དམངས་ཕན་དང་སྐྱེ་ཁམས་དམངས་ཕྱུག་མཐའ་འཁྱོངས་ཀྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། གྲོང་གསེབ་ཀྱི་སྐྱེ་ཁམས་དར་རྒྱས་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་བ་དང་མཛེས་སྡུག་ལྡན་ལ་འཚོ་སྡོད་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་བྱས་པས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཕྱིན་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།