“ང་ཚོའི་ཁྱིམ་གཞིས”ཀྱི་དྲ་རྒྱའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཉིང་ཁྲིར་སྤེལ་བ།
ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་གཙོ་གཉེར་དང་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་སྒྲུབ་འགན་འཁུར་བའི“ང་ཚོའི་ཁྱིམ་གཞིས”(བོད་ལྗོངས་ས་ཚུགས)ཀྱི་དྲ་རྒྱའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཟླ་7ཚེས་21ནས་23ཉིན་བར་ཉིང་ཁྲིར་གཉེར་བ་རེད། ཀྲུང་དབྱང་དང་ས་གནས་ཀྱི་དྲ་རྒྱའི་སྨྱན་སྦྱོར་གྱི་རྩོམ་སྒྲིག་པ་དང་གསར་འགོད་པས་གསོན་ཉམས་དོད་པའི་རྩོམ་ཡིག་དང་སྣ་མང་ཕུན་སུམ་ཚོགས་པའི་པར་ལེན་ལ་བརྟེན་ནས་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མི་སེམས་འགུལ་བའི་རྣམ་པ་ཟབ་མོ་མངོན་པར་བྱས་པ་རེད།
བྱེད་སྒོ་སྤེལ་རིང་། “ང་ཚོའི་ཁྱིམ་གཞིས”ཀྱི་དྲ་རྒྱའི་བརྗོད་དོན་གཙོ་བོའི་བཅར་འདྲི་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་བསྙེགས་ཏེ་ཉིང་ཁྲི་མེ་འཁོར་བབས་ཚུགས་དང་། ཀོང་པོ་སྤྱི་གླིང་། ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་། ཀ་ལ་གྲོང་ཚོ་སོགས་ལ་སྔ་རྗེས་སུ་བསྐྱོད་དེ་ལྷ་ཉིང་ལྕགས་ལམ་གཉེར་སྐྱོང་དང་། འདམ་རའི་སྤྱི་གླིང་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་མ་ཟད། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་བཀའ་དྲིན་བསམ་བཞིན་འབད་འབུངས་མདུན་དུ་སྐྱོད་པའི་བྱ་སྤྱོད་ངོ་མ་མངོན་གསལ་དོད་པོས་དྲིལ་བསྒྲགས་བྱས་ནས། ཉིང་ཁྲིར་བྱུང་བའི་འཕོ་འགྱུར་ཆེན་པོ་དང་རྣམ་པ་གསར་པ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།
བཅར་འདྲི་ཚོགས་པ་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀླུ་སྟེང་གྲོང་ཚོའི་དར་དམར་ལ་བསྟོད་པའི་འགྲེམས་ཁང་དང་། བུ་ཆུ་ཤང་ཀོང་པོའི་མེ་ཏོག་ལུང་ཤུར། སྨན་གླིང་རྫོང་ཉི་མ་དམར་པོའི་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་ར། མཐའ་མཚམས་གྲོང་ཚོ་ཚལ་ཁྲོབ་གྲོང་ཚོ་བཅས་སུ་བསྐྱོད་དེ་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་ལེན་གསོན་ཉམས་དོད་པོ་ཤེས་རྟོགས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་། སྤྱི་ཚོགས་སྤྱི་ཡོངས་རྒྱུན་སྲིང་བརྟན་ལྷིང་། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཁམས་བཟང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཡག་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཚང་མ་དང་ཕྱོགས་ཡོངས་ནས་མངོན་གང་ཐུབ་བྱས་ཡོད།