ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།
རི་པིན་དམག་རྒྱལ་རིང་ལུགས་ཀྱིས་འབུ་ཕྲའི་དམག་འཁྲུག་བསླངས་པའི་སྤྱོད་ཚུལ་ངན་པ་ཡིན་པར་དཔང་རྟགས་ཁུངས་བཙན་ཡོད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། རི་པིན་གྱི་མཁས་དབང་གིས་ཁྱབ་བསྒྲགས་བྱས་པའི་རི་པིན་གཞུང་ཕྱོགས་ཀྱི་དཔྱད་ཡིག་ལས་རི་པིན་དམག་རྒྱལ་རིང་ལུགས་ཀྱིས་འབུ་ཕྲའི་དམག་འཁྲུག་བསླངས་པའི་སྤྱོད་ཚུལ་ངན་པར་དཔང་རྟགས་ཁུངས་བཙན་ཡོད་པ་སླར་ཡང་གསལ་བཤད་བྱས་ཡོད་པས་དེ་རྩིས་མེད་དང་ཁས་མི་ལེན་པ་བྱེད་མི་རུང་། རི་པིན་ཕྱོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་དྲང་བདེན་གྱི་འབོད་སྒྲ་ནན་ཏན་ངང་ཉན་ནས་རི་པིན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལོ་རྒྱུས་ལ་རང་སྐྱོན་རང་བརྟག་བྱས་ཏེ་དུག་ལྷག་མེད་པར་བཟོས་ནས་ལོ་རྒྱུས་ཀྱི་ལམ་རྙིང་པར་སླར་ཡང་ལོག་མི་རུང་ཞེས་བརྗོད་པ་རེད།
ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་རི་པིན་གྱི་མཁས་དབང་གིས་རི་པིན་གྱི་ཧོའུ་ཧྲེང་ངལ་རྩོལ་ཧྲེང་གི་ཡིག་ཆའི་ནང་དེ་སྔོན་ཀྲུང་གོར་འབུ་ཕྲའི་དམག་འཁྲུག་སློང་མཁན་དཔུང་སྡེ་731གི་ལས་མིའི་རེའུ་མིག་སོགས་གཞུང་ཕྱོགས་ཀྱི་ཡིག་ཆ་ཐོག་མར་ཤེས་རྟོགས་བྱུང་བའི་ནང་དཔུང་སྡེ་དེའི་གྲུབ་ཆ་དང་། རུ་མིའི་མིང་དང་གོ་མིང་གསལ་པོར་འཁོད་ཡོད་པ་དང་། དེའི་ནང་རི་པིན་གྱི་འབུ་ཕྲའི་དམག་འཐབ་སློང་མཁན་གྱི་གཏེ་པོ་དང་དཔུང་སྡེ་731གི་རུ་དཔོན་ལས་ཐོག་དང་པོ་ཧྲི་ཅིན་སི་ལང་གི་འབྲེལ་ཡོད་དཔྱད་ཡིག་ཀྱང་ཚུད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
མའོ་ཉིང་གིས། འཛམ་གླིང་དམག་ཆེན་གཉིས་པའི་ནང་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གིས་རྒྱལ་སྤྱིའི་བཅའ་ཁྲིམས་ལས་མངོན་སུམ་འཛེམས་མེད་ངང་འགལ་ནས་ཀྲུང་གོ་མི་དམངས་ལ་མི་རྣམས་ཁོང་ཁྲོ་ལངས་པའི་འབུ་ཕྲའི་དམག་འཁྲུག་བསླངས་ཏེ། མི་ཆོས་དང་བྲལ་བའི་མི་གསོན་པོར་གདུག་རྩུབ་ཆེན་པོས་ཚོད་ལྟ་བྱས་པས་མིའི་རིགས་ལ་རྒོལ་བའི་ནག་ཉེས་ཚབས་ཆེན་བསགས་ཡོད། “རི་པིན་གྱི་མཁས་དབང་གིས་ཁྱབ་བསྒྲགས་བྱས་པའི་རི་པིན་གཞུང་ཕྱོགས་ཀྱི་དཔྱད་ཡིག་ལས་རི་པིན་དམག་རྒྱལ་རིང་ལུགས་ཀྱིས་འབུ་ཕྲའི་དམག་འཁྲུག་བསླང་བར་དཔང་རྟགས་ཁུངས་བཙན་ཡོད་པ་སླར་ཡང་གསལ་བཤད་བྱས་ཡོད་པས་དེ་རྩིས་མེད་དང་ཁས་མི་ལེན་པ་བྱེད་མི་རུང”ཞེས་བརྗོད།
“ང་ཚོས་རི་པིན་རྒྱལ་ནང་གི་ཤེས་ལྡན་མི་སྣས་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་དམར་འདོན་དང་ཁ་གཏད་གཅོག་པའི་བློ་སྟོབས་ལ་བསྔགས་བརྗོད་བྱེད་ཀྱི་ཡོད། རི་པིན་ཕྱོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་དྲང་བདེན་གྱི་འབོད་སྒྲ་ནན་ཏན་ངང་ཉན་ནས་རི་པིན་དམག་རྒྱལ་རིང་ལུགས་ཀྱིས་བཙན་འཛུལ་བྱས་པའི་ལོ་རྒྱུས་ལ་རང་སྐྱོན་རང་བརྟག་བྱས་ཏེ་དུག་ལྷག་མེད་པར་བཟོས་ནས་ལོ་རྒྱུས་ཀྱི་ལམ་རྙིང་པར་སླར་ཡང་ལོག་མི་རུང”ཞེས་ཁོང་གིས་བརྗོད།