ཐོག་ཐོན་གཙང་པོའི་སྣུམ་སྣོན་ས་ཚིགས་ཀྱིས་ས་མཐོའི་སྲོག་ཐིག་ལ“ནུས་པ་བསྣན་པ”
མུ་ལྟར་འབྲེལ་བའི་མཚོ་བོད་གཞུང་ལམ་དེ་རི་ཚོགས་གཡང་གཟར་དང་རྩྭ་ཐང་དང་གྲམ་ཐང་བརྒྱུད་ཁུ་ཁུ་ཤིས་རིར་སླེབས་རྗེས་སྒང་གཤོངས་མི་སྙོམས་པར་གྱུར་པས། ཕར་འགྲོ་ཚུར་འོང་བྱེད་མཁན་འཁོར་རིགས་གཏོང་མཁན་ཚང་མས་གཟབ་གཟབ་ངང་བསྐྱོད་པ་ལས་མི་མེད་ཁུལ་དེར་ཡུན་རིང་སྡོད་འདོད་བྱེད་མཁན་མེད།
ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པ་མཚོ་སྔོན་གོར་མོ་རྡོ་སྣུམ་ཡན་ལག་ཀུང་སིའི་ཐོག་ཐོན་སྣུམ་སྣོན་ས་ཚིགས་ཀྱི་ཀྲན་ཀྲང་ཧྥན་ཅུན་ཧྥེང་གིས་སྣུམ་སྣོན་ས་ཚིགས་སུ་སྣུམ་བླུགས་མཁན་ཁ་ལོ་བར“སྣུམ་བླུགས་ཚར་རྗེས་ངེས་པར་དུ་ཡང་བསྐྱར་བརྟག་དཔྱད་བྱེད་དགོས། དེ་ནས་སྒྲོལ་རྗེས་མཁོ་སྤྲོད་ས་ཚིགས་ཆེན་པོ་མེད། དེ་ནས་འགྲོ་ཐེངས་གཅིག་ལ་གདང་ལ་སྒྲོལ་དགོས་པས་ལ་དུག་གི་སྨན་འཁྱེར་ཡོད་དམ”ཞེས་སེམས་ཁུར་ཆེན་པོས་སྐད་ཆ་དྲིས།
ཧྥན་ཅུན་ཧྥེང་གི་སྐད་ཆ་དེ་དག་ཐོས་རྗེས་ས་མཐོར་ཐེངས་མང་སྐྱོད་མྱོང་བའི་ཁ་ལོ་བ་དེས་གྲ་སྒྲིག་བྱས་ཡོད་ཀྱང་ལ་དུག་སྨན་ཁ་ཤས་ཉོས་པ་རེད།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་དུ་གནས་པའི་ཐོག་ཐོན་གཙང་པོ་མཚོ་བོད་ས་མཐོའི་དབུས་དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་གནས་པ་དང་ས་བབ་མཐོ་ཚད་སྨི་4533ཟིན་པ་དེ་ནི་རྒྱལ་ནང་གི་ས་བབ་མཐོ་ཤོས་ཀྱི་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པ་ཚད་ཡོད་ཀུང་སིའི་སྣུམ་སྣོན་ས་ཚིགས་ཤིག་རེད།
ཐོག་ཐོན་གཙང་པོའི་ངོགས་སུ་ལོ་ཧྲིལ་པོར་གངས་བབས་ནས་རྒྱུན་དུ་དྲོད་ཚད་དམའ་བ་དང་། གསོ་རླུང་ཉུང་བ། ཁོར་ཡུག་ཞན་པ་བཅས་ཡོད། “དེར་སླེབས་མ་ཐག་བསམ་ཡུལ་ལས་འདས་པའི་དཀའ་གནད་གཉིས་འཕྲད་ཡོད” ཉི་མས་འཚིག་ནས་ངོ་གདོང་དམར་པོར་གྱུར་པའི་ན་གཞོན་སྣུམ་སྣོན་པ་བུ་ཆུང་གིས་དེ་གར་ཐོག་མར་སླེབས་སྐབས་རང་ཉིད་ལ་ཡིད་ཆེས་ཀྱིས་ཁེངས་ནས་དཀའ་ངལ་ཇི་ཙམ་འཕྲད་རུང་ཁྱད་བསད་བྱེད་ཐུབ་སྙམ་གྱི་ཡོད། “འོན་ཀྱང་ཟླ་བ་གཅིག་ཀྱང་མ་འགོར་བར་ང་རང་དགོང་མོ་གཉིད་མི་ཁུག་པ་དང་ཟས་ཀྱི་དང་ག་ཡང་ཆག་ནས་ལུས་སེམས་གཉིས་ཀར་དཀའ་ངལ་ཆེན་པོ་འཕྲད་བྱུང”ཞེས་བཤད།
བུ་ཆུང་ལ་ད་དུང“བསམ་ཡུལ་ལས་འདས་པའི་དཀའ་གནད་གཞན་ཞིག་འཕྲད་པ”དེ་ནི་དེ་འདྲའི་དཀའ་ཚེགས་ཆེ་བའི་ཁོར་ཡུག་ནང་ཉིན་ལྟར་ཟོག་འདྲེན་རླངས་འཁོར་གྱིས་གཙོ་བོར་བྱེད་པའི་སྣུམ་བླུགས་མཁན་གྱི་རླངས་འཁོར་རྒྱུན་ཆད་རྒྱུ་མེད་པ་དེ་རེད། བྲེལ་བ་ཆེ་སྒང་དུ་ཆུ་ཁ་གང་ཡང་འཐུང་ཁོམ་མི་འདུག”ཅེས་བཤད།
སྣུམ་སྣོན་ས་ཚིགས་མདུན་གྱི་མཚོ་བོད་གཞུང་ལམ་དེ་1954ལོར་རླངས་འཁོར་ཤར་གཏོང་ཐུབ་པ་ནས་བཟུང་བོད་དུ་ཡོང་མཁན་དང་བོད་ནས་ཐོན་པའི་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་ལས་འགན་མང་ཆེ་བ་འཁུར་ཡོད་པས་ས་མཐོའི“སྲོག་ཐིག”ཅེས་བརྗོད་ཀྱི་ཡོད། མཚོ་བོད་གཞུང་ལམ་ཐོག་གི་སྣུམ་སྣོན་ས་ཚིགས་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ཐོག་ཐོན་གཙང་པོའི་སྣུམ་སྣོན་ས་ཚིགས་ཀྱིས་ལོ་ལྟར་བོད་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་སྐྱེལ་འདྲེན་རླངས་འཁོར་ཐེངས་ཁྲི་17ལ་ཞབས་འདེགས་ཞུ་གི་ཡོད་པ་དང་བཅོས་སྣུམ་ལོའི་བྲིན་ཚོང་བྱེད་ཚད་མང་ཤོས་ཏུན་ཁྲི་1.3ཟིན་གྱི་ཡོད།
ཁ་ལོ་བ་མཱ་ཧྥུའུ་ཅུན་གྱིས་མཚོ་བོད་གཞུང་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་བྱས་ནས་ལོ་12འགྲོ་ཡི་ཡོད། ཁོང་གི་དྲན་འཆར་ནང་མཚོ་བོད་ལམ་རྒྱུད་དུ་དངོས་ཟོག་སྐྱེལ་འདྲེན་བྱེད་སྐབས་བསམ་ཡུལ་ལས་འདས་པའི་ཉེན་ཁ་མང་པོ་འཕྲད་སྲིད། ལོ་ཞིག་གི་དགུན་ཁར་ཁ་བ་ཆེན་པོ་བབས་པས་མཚོ་བོད་གཞུང་ལམ་གྱི་ལམ་དུམ་བུ་ཁག་གཅིག་ཏུ་རླངས་འཁོར་འགག དེ་གར་ས་བབ་མཐོ་བ་དང་། དྲོད་ཚད་དམའ་བ། ལམ་བར་རླངས་འཁོར་འགག་ཡུན་རིང་བས་ཁྲའེ་ཡིའུ་སྣུམ་ཨང་0བླུགས་པའི་ལྗིད་ཐེག་རླངས་འཁོར་མང་པོ་ཞིག་སྣུམ་འཁྱག་ཐེབས་ཏེ་དེ་གར་ལུས་ནས་སྐྱོད་ཐབས་བྲལ། ང་ལྟ་བུའི“ཁ་ལོ་བ་རྒན་གྲས”ལ་ཡང་གོང་གི་གནས་ཚུལ་དེ་རིགས་འཕྲད་སྐབས་ཞེད་སྣང་སྐྱེ་ཡི་འདུག མི་རྣམས་ཅི་བྱ་གཏོལ་མེད་སྐབས་ཐོག་ཐོན་གཙང་པོའི་སྣུམ་སྣོན་ས་ཚིགས་ཀྱིས་རོགས་སྐྱོབ་རུ་མི་མངགས་ནས་ས་གནས་ས་ཐོག་ཏུ་རོགས་སྐྱོབ་ཀྱིས་དེར་ལུས་པའི་ལྗིད་ཐེག་རླངས་འཁོར་ལ་སྣུམ་བླུགས་ནས་དཀའ་ངལ་ལས་སྒྲོལ་རོགས་བྱས་པ་རེད། ཁ་ལོ་བ་ཡོངས་ཀྱིས་མཉམ་དུ་དུང་བརྡ་བསྒྲགས་ནས་ལུས་པོ་ཧྲིལ་པོར་གངས་ཀྱིས་འཚོས་པའི་སྣུམ་སྣོན་པ་རྣམས་ལ་གུས་འདུད་ཞུས་པ་རེད། “དུས་དེ་ནས་བཟུང་ངས་འདི་གར་སྣུམ་བླུགས་པ་དེ་སྣུམ་བླུགས་པ་ཙམ་མིན་པར་ད་དུང་དྲིན་ལན་འཇལ་ཆེད་ཡིན”ཞེས་བཤད།
ལོ་གཅིག་ཞག་མ་365ལས་མཚམས་མི་འཇོག་པ་དང་ཉིན་མཚན་དབྱེར་མེད་ངང་དེ་གར་ཁ་ལོ་བ་ཚོ་སྣུམ་བླུགས་པར་ཡོང་རྒྱུར་བསྒུགས་ནས་སྡོད་ཀྱི་ཡོད། འཕྲལ་སྡོམ་རོགས་སྐྱོབ་ཀྱི་སྣུམ་དང་བཟའ་བཅའ་ཡིན་ནའང་འདྲ་ཡང་ན་འགྲོ་ལམ་ཆ་འཕྲིན་གྱི་བློ་འདྲིའི་མཁོ་འདོན་བྱེད་པ་དང་ཁ་ལོ་བར་ལ་དུག་ཕོག་པར་རོགས་སྐྱོབ་བྱས་པའི་རིགས་གང་ཞིག་ཡིན་རུང་། ཐོག་ཐོན་གཙང་པོའི་སྣུམ་སྣོན་ས་ཚིགས་ནི་ཚེ་སྲོག་གི་ལམ་སྟོན་སྒྲོན་མེ་ཞིག་ལྟར་མཚོ་བོད་གཞུང་ལམ་གྱི་སྐྱེལ་འདྲེན་ལ་ཞབས་འདེགས་ཞུ་གི་ཡོད་པ་རེད།
ཟོག་འདྲེན་རླངས་འཁོར་མང་པོ་ཞིག་སྣུམ་སྣོན་ས་ཚིགས་སུ་སྣུམ་བླུགས་ཞོར་དུ་རླངས་འཁོར་ནས་བབས་ཏེ་ལུས་པོར་སྦྱོང་བརྡར་བྱེད་ཀྱི་ཡོད། སྣུམ་བླུགས་འཕྲུལ་ཆས་ཀྱི་མདུན་དུ་བྲེལ་འཚུབ་ཧ་ཅང་ཆེ་བའི་སྣུམ་སྣོན་པ་ཚེ་རིང་བསམ་གྲུབ་ཀྱིས “ས་རུབ་ལ་ཉེ་བས་རླངས་འཁོར་དེ་དག་ལ་མགྱོགས་མྱུར་སྣུམ་བླུགས་དགོས། གལ་སྲིད་ས་རུབ་ཚེ་གདང་ལའི་ལམ་ཉེན་ཁ་ཆེ་བས་དཀའ་ངལ་ཆེན་པོ་འཕྲད་སྲིད”ཅེས་བཤད།