དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • FIRSTགཞོན་ནུའི་གློག་བརྙན་འགྲེམས་སྟོན་སྐབས་བཅུ་བདུན་པ་འགོ་ཚུགས་པ།

    འགྲེམས་སྟོན་ལ་ཚུད་པའི་གློག་བརྙན་41གཅིག་སྡུད་འགྲེམས་སྟོན་བྱེད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-07-25

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་23ཉིན་གློག་འཕྲིན་འབྱོར་གསལ། FIRSTགཞོན་ནུའི་གློག་བརྙན་འགྲེམས་སྟོན་སྐབས་བཅུ་བདུན་པ་ཚེས་23ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཚོགས་འགོ་ཚུགས་ཤིང་། གློག་བརྙན་གྱི་དགའ་སྟོན་ཞིག་ས་མཐོར་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས་བཤམས་འགོ་ཚུགས་པ་རེད།

    FIRSTགཞོན་ནུའི་གློག་བརྙན་འགྲེམས་སྟོན་ནི་དེ་སྔའི་སློབ་ཆེན་སློབ་མའི་བརྙན་རིས་དུས་ཆེན་ཡིན་ལ། 2006ལོར་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་དུ་བཙུགས་པ་རེད། 2011ལོར་ཟི་ལིང་ནས་འཚོགས་ཤིང་དེ་ནས་བཟུང་ཟི་ལིང་FIRSTགཞོན་ནུའི་གློག་བརྙན་འགྲེམས་སྟོན་ཞེས་མིང་བསྒྱུར་བ་རེད། དེ་དང་ཐོག་འཛུགས་པའི་བསམ་འདུན་ནི་གཞོན་ནུ་གློག་བརྙན་བའི་བརྩམས་ཆོས་དང་པོ་དང་ཡང་ན་དུས་འགོའི་བརྩམས་ཆོས་རྒྱུན་མཐུད་ཤེས་རྟོགས་དང་འདེམས་སྒྲིག་བྱས་ནས། གཞོན་ནུ་ཚོའི་གསར་རྩོམ་གྱི་སེམས་ཤུགས་དང་སྒྱུ་རྩལ་གྱི་གདེང་ཚོད་འཕེལ་བར་བྱ་རྒྱུ་དེ་ཡིན་པ་རེད།

    འདི་ལོའི་གློག་བརྙན་འགྲེམས་སྟོན་གྱི་ཚན་པ་གཙོ་བོའི་དཔྱད་འདེམས་ཨུ་ལྷན་གྱི་ཀྲུའུ་ཞི་འཁྲབ་སྟོན་པ་ཁྲེན་ཁྲུང་ཡིན་ལ། དཔྱད་འདེམས་ཨུ་ལྷན་གྱི་ཁོངས་མིའི་ནང་ཏུའུ་ཅེ་དང་། ཧྲེན་དབྱང་། ཐའོ་ཅིང་། ཡའོ་ཁྲེན། ཙོའུ་ཅིང་ཀྲི་སོགས་གློག་བརྙན་བ་ཡོད་པ་དང་། ཁོང་ཚོས་མཇུག་མཐར་འགྲེམས་སྟོན་བྱེད་ཁོངས་སུ་ཚུད་པའི་བྱུང་རིམ་གློག་བརྙན་རིང་གྲས་13དང་། དངོས་མཚོན་གློག་བརྙན་རིང་གྲས་5 མི་སྣ་ངོ་མའི་གློག་བརྙན་ཐུང་གྲས་15 འགུལ་རིས་གློག་བརྙན་8བཅས་ལ་དཔྱད་ཞིབ་བྱས་མཐར་བྱུང་རིམ་གློག་བརྙན་རིང་གྲས་ཡག་ཤོས་དང་། འཁྲབ་ཁྲིད་པ་ཡག་ཤོས། འཁྲབ་སྟོན་པ་ཡག་ཤོས། སྒྱུ་རྩལ་གྱི་འཚོལ་ཞིབ་ཡག་ཤོས། འཁྲབ་གཞུང་ཡག་ཤོས། དངོས་མཚོན་གློག་བརྙན་རིང་གྲས་ཡག་ཤོས་སོགས་ཚན་པ་གཙོ་བོའི་འོས་སྦྱོར་གྱི་གཟི་བརྗིད་མཚན་སྙན་10སྤྲོད་རྒྱུ་ཡིན་པ་རེད།

    ཐེངས་འདིའི་གློག་བརྙན་འགྲེམས་སྟོན་ཐོག་ལོ་འཁོར་གོང་མ་ལྟར་ཚན་པའི་གཟི་བརྗིད་མཚན་སྙན“FIRST FRAMEསྤྱིན་ཤོག་ཨང་དང་པོ”དེ་འགྲན་བསྡུར་ཚན་པའི་དཔྱད་བསྡུར་ཟུར་ཚད་ནས་རང་ཚུགས་དཔྱད་ཞིབ་ཚོགས་པས་མིང་བཏོན་གློག་བརྙན་ཁྲོད་ནས་འདེམས་རྒྱུ་དང་། དེའི་དམིགས་ཡུལ་ནི་རྒྱ་སྐད་ཀྱི་གཞོན་ནུ་གློག་བརྙན་བའི་བརྩམས་ཆོས་ཁྲོད་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་བུད་མེད་ཀྱི་གཟུགས་བརྙན་ལ་གཟེངས་བསྟོད་དང་བུད་མེད་བརྗོད་དོན་གཙོ་བོར་བྱས་པའི་བརྙན་རིས་གསར་རྩོམ་ལ་ལྕག་སྐུལ་བྱ་ཆེད་ཡིན་པ་རེད། འདི་ལོའི“FIRST FRAMEསྤྱིན་ཤོག་ཨང་དང་པོའི”དཔྱད་ཞིབ་ཚོགས་པ་ནི་འཁྲབ་སྟོན་པ་ཧུའེ་དབྱིན་ཧུང་དང་། འཁྲབ་གཞུང་རྩོམ་པ་པོ་མཱ་དབྱིན་ལི། འགྲེམས་སྟོན་ཇུས་འགོད་པ་ཤུས་ནཱ་བཅས་ལས་གྲུབ་ཤིང་། ཁོང་ཚོས་འགྲེམས་སྟོན་བྱེད་ཁོངས་སུ་ཚུད་པའི་གློག་བརྙན་རིང་གྲས་6དང་ཐུང་གྲས་9ནང་ནས་ལོ་འཁོར་གྱི་བརྙན་རིས་དང་པར་ལྷེ་ཐུང་གྲས་འོས་འདེམས་ཀྱི་གཟི་བརྗིད་མཚན་སྙན་གཉིས་སྤྲོད་རྒྱུ་རེད།

    གློག་བརྙན་འགྲེམས་སྟོན་དེ་ཟླ་7ཚེས་31ཉིན་བར་འཚོག་རྒྱུ་ཡིན་པ་མ་ཟད། ད་དུང་ཉིན་དེར་FIRSTགཞོན་ནུའི་གློག་བརྙན་འགྲེམས་སྟོན་གྱི་དགའ་སྟོན་བཤམ་རྒྱུ་རེད། གློག་བརྙན་འགྲེམས་སྟོན་བྱེད་རིང་། འགྲེམས་སྟོན་བྱེད་ཁོངས་སུ་ཚུད་པའི་གློག་བརྙན་41ཟི་ལིང་གི་གློག་བརྙན་ཁང་དང་ཐོག་མེད་གློག་བརྙན་ཁང་ཁག་ཏུ་སྟོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།