ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས།
བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ།

འདི་ནི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པར་བཏོན་པའི་ས་མཐོའི་ཐབ་ཆས་ལ་མང་ཚོགས་ཀྱི་དགའ་བསུ་ཐོབ་པ།
བོད་ཀྱི་འཕེལ་རྒྱས་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁྲལ་ཆེན་པོ་གནང་གི་ཡོད། 2021ལོའི་ཟླ་7པར། གངས་ལྗོངས་ས་མཐོའི་སྐྱིད་ཤོས་ཀྱི་དུས་ཚིགས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་དུ་གཟིགས་ཞིབ་གནང་ཞིང་། ཁོང་གིས་དགེ་སྤེལ་སྐྱོན་སྤངས་དང་ཡུལ་བབ་དང་བསྟུན་ནས་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས་ཞེས་ནན་བཤད་གནང་བ་དེས་བོད་ཀྱིས“འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར”མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ། རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད།
རྣམ་གྲངས་གལ་ཆེན་བསྐྲུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བྱིན་པ།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འབྲོམ་ཐོད་ཤང་འབྲོམ་ཐོད་གྲོང་ཚོར་ཡོད་པའི་ལྗོངས་དང་གྲོང་ཁྱེར་གྱི་འབྲུ་རིགས་དང་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་མཛོད་ཁང་གི་ལས་ཡུལ་དུ་རྐོ་འདྲུའི་འཕྲུལ་འཁོར་གྱིས་ས་དོང་འདྲུ་བ་དང་། ལྗིད་ཐེག་རླངས་འཁོར་མང་པོས་དངོས་ཟོག་སྣ་ཚོགས་འདྲེན་པ། བཟོ་པས་ལྕགས་རྩིབས་ཀྱི་སྒྲོམ་བཟོ་བ་བཅས་ཀྱིས་ལས་ལ་བྲེལ་བཞིན་མཆིས།
ཨར་པོའི་འགན་འཁུར་བ་ཡུས་ལན་ཅེ་ཡིས་རྣམ་གྲངས་འདི་ནི་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”གཙོ་གནད་འཆར་འགོད་ཀྱི་འབྲུ་རིགས་དང་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་ལྟེ་གནས་བཞིའི་གྲས་ཤིག་ཡིན་པ་འདིར་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.05བཏང་བ་དང་། རྒྱ་ཁྱོན་མུའུ་200ཟིན་པ། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་4.1ལྷག་ཙམ་ཟིན་ཡོད། རྣམ་གྲངས་འདི་བསྐྲུན་རྗེས།
ལྗོངས་དང་གྲོང་ཁྱེར་གྱི་དངོས་ཟོག་མཛོད་ཁང་དང་ལྷ་ས་གྲོང་ཁྱེར་གྱི་འབྲུ་རིགས་གྲབས་གསོག་མཛོད་ཁང་གི་སྟོང་ཆ་གསབ་རྒྱུ་རེད་ཅེས་གསར་འགོད་པར་བརྗོད།
ཡུས་ལན་ཅེས། གྲབས་གསོག་མཛོད་ཁང་སྐྲུན་ཚུན། ཁྱོན་མ་དངུལ་སྒོར་དུང་ཕྱུར་1.29བཏང་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
ལྗོངས་དང་གྲོང་ཁྱེར་གྱི་འབྲུ་རིགས་དང་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་མཛོད་ཁང་སྐྲུན་པ་ནི་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བོད་དུ་ལག་བསྟར་དོན་འཁྱོལ་བྱེད་པའི་བསྡུས་རིས་ཤིག་རེད།
འདི་ལོའི་ཟླ་2པའི་ཟླ་མཇུག་ཏུ། ལྗོངས་ཡོངས་ཀྱི་ཁག་དང་པོར་ལས་འགོ་ཚུགས་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི་སྟོད་ལུང་བདེ་ཆེན་ཆུས་ཀྱི་སློབ་ཆུང་གསུམ་པའི་ལས་གྲྭ་45%ལེགས་གྲུབ་ཟིན་ནས་སང་ལོའི་ཟླ་དྲུག་པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་གྱི་ཡོད།
ཟླ་6པ་ནས་བཟུང་། ལྷ་ས་གོང་དཀར་གནམ་ཐང་T1དང་T2གནམ་ཐང་འབབ་ཚུགས་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་འགོ་ཚུགས་པའི་འཕེལ་རིམ་བདེ་བླག་ཡོད་པ་དང་ད་ཆ་ལས་གྲྭ་ལེགས་གྲུབ་བྱུང་ཚད་10%ཙམ་ཟིན་ཡོད།
ཁྱོན་མ་དངུལ་སྒོར་དུང་ཕྱུར་6.4བཏང་བའི་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་འོ་མ་དེང་དགེའི་ཀྲའོ་ཝ་100ཟིན་པའི་རླུང་གློག་རྣམ་གྲངས་ལས་གྲྭ་མགྱོགས་མྱུར་སྐྲུན་བཞིན་ཡོད།
སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་གལ་ཆེན་མགྱོགས་མྱུར་སྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚུགས་གནས་མཐོན་པོས་ཇུས་འགོད་དང་འགོ་འཛུགས་ས་མཐོན་པོས་སྐུལ་འདེད་བཏང་བ་ཞིག་ཡིན་ལ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཚད་གཞི་མཐོན་པོས་དོན་འཁྱོལ་བྱེད་པའི་བརྗིད་ཆེའི་འཆར་གཞི་ཞིག་ཀྱང་རེད།
ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས་ཞེས་གསུངས་ཡོད།
བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་ལྷག་པར་དུ་ནས་དང་། འབྲི་གཡག བོད་སྨན་གྱི་སྨན་རྒྱུ་སོགས་རྨང་གཞིར་བྱས་པའི་ལྗང་མདོག་དང་། སྐྱེ་ཁམས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་བཅས་འཕེལ་རྒྱས་གཏོང་བར་ཤུགས་སྣོན་བརྒྱབ་པ་མ་ཟད། རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་བཏང་སྟེ་སྤུས་རྟགས་ཀྱི་ཕན་འབྲས་ཆེ་རུ་བཏང་བ་དང་ཆབས་ཅིག ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕྱུག་འགྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་བཏང་ཡོད།
འདི་ལོའི་ཟླ་6ཚེས་15ཉིན། ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་སྟོན་ཚོགས་ཟི་ལིང་དུ་འགོ་ཚུགས་ཤིང་། བོད་ཀྱི་ཁེ་ལས་11གིས་འགྲེམས་སྟོན་བྱས་པའི“རབ་གྲགས་མཁས་ལེགས”བཅས་ཀྱི་འགྲེམས་རྫས་60ལྷག་ཙམ་ལ་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། བོད་ཀྱི་འགྲེམས་ཁུལ་དུ་ཚགས་ཤ་སྐམ་པོ་དང་། ནས་ཀྱི་སྦི་རག བོད་སྨན་གྱི་སྨན་རྒྱུ་སོགས་ཁྱད་ལྡན་ཐོན་རྫས་སྣ་ཚོགས་དང་དེ་བཞིན་ལྷད་མེད་ཀྱི་རྒྱུ་ཆ་ལས་བཟོས་པའི་ལྗང་མདོག་ཟས་རིགས་ལ་སྐུ་མགྲོན་ཚོས་ཧ་ཅང་དགའ་པོ་བྱེད་པ་མ་ཟད། ཉོ་མཁན་ཡང་མང་པོ་བྱུང་ཡོད།
2020ལོར་རང་སྐྱོང་ལྗོངས་ཀྱིས་ས་ཁོངས་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི“སའི་གོ་ལའི་གླིང་སྣེ་གསུམ་པའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་བཏོད་ཅིང་། ལོ་ཁ་ཤས་རིང་འཕེལ་རྒྱས་བཏང་བ་བརྒྱུད་ཕན་འབྲས་རིམ་བཞིན་མངོན་ཡོད། ད་ཆ“སའི་གོ་ལའི་གླིང་སྣེ་གསུམ་པའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ལས་སྟེགས་ལ་བརྟེན་ཏེ་ནས་ཀྱི་ཐོན་རྫས་དང་། བོད་ཀྱི་ཚགས་ཤ གཏེར་ཆུ། བོད་ཕག བོད་བྱ་བཅས་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་པའི་ཐོན་རྫས་སུ་གྱུར་ཡོད།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དམངས་འཚོར་ཕན་པ་ཐོབ་པ།
“ཡག་པོ་འདུག དེ་སྔོན་གྱི་དབུགས་རྡིག་དང་བསྡུར་ན་དབུགས་རྡིག་གསར་པ་དེ་བདེ་འཇགས་ལྡན་ལ་སྤྱོད་བདེ་པོ་འདུག” བོད་ཀྱི་ལོ་གསར་གཏོང་སྐབས་སྙན་རོང་རྫོང་ཉི་མ་ཤང་སྒོ་ལུང་གྲོང་ཚོའི་བསོད་ཆོས་ཀྱི་ཁྱིམ་ལ“གངས་ལྷ་མེ་ཏོག”རྟགས་ཅན་གྱི་ས་མཐོའི་ནུས་མང་དབུགས་རྡིག་ཞིག་རག་པ་དང་བེད་སྤྱོད་བཏང་རྗེས་ཡག་པོ་འདུག་ཅེས་བསྔགས་བརྗོད་བྱས།
དུས་ཡུན་རིང་པོར་ས་བབ་མཐོ་བ་དང་རླུང་གནོན་དམའ་བ་སོགས་ཀྱི་རྐྱེན་པས་དབུགས་རྡིག་བོད་མི་དམངས་ཀྱི་མེད་དུ་མི་རུང་བའི་འཚོ་བའི་མཁོ་ཆས་སུ་གྱུར་ཡོད།
དེར་བརྟེན། ས་བབ་མཐོ་བའི་ས་ཁུལ་དང་འཚམ་པའི་ཐབ་ཆས་ཞིབ་འཇུག་གསར་སྤེལ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཏུ་གྱུར། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་དུས་འགོའི་བརྟག་ཞིབ་དང་ཞིབ་སྤེལ་ཚོད་ལྟ། ཚོད་ལྟ་བཀོལ་སྤྱོད། ཚད་འབེབས་ཐོན་སྐྱེད་བཅས་བྱས་ནས་ལོ་གཅིག་ཀྱང་མ་འགོར་བར་ས་མཐོའི་ནུས་མང་གཡོས་སྦྱོར་གྱི་ཐབ་ཆས་ཞིབ་བཟོ་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་ལ་སྔར་བས་དམིགས་ཏེ། དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཟབ་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད། བདེ་སྣང་དེ་བས་འགན་ལེན་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད།
2021ལོའི་ཟླ་6ཚེས་25ཉིན་ལྷ་ཉིང་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་ནས“བསྐྱར་དར་རྟགས་ཅན”གྱི་མེ་འཁོར་གངས་ལྗོངས་ས་མཐོར་བཏང་བས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི“བདེ་སྐྱིད་ཀྱི་ལམ་བུར”གྱུར་ཡོད། ལོ་གཉིས་རིང་། ལྷ་ཉིང་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི་182.5དང་དངོས་ཟོག་ཏུན་ཁྲི་41.91སྐྱེལ་འདྲེན་བྱས་ནས་ས་ཁུལ་གཉིས་ཀྱི་དཔལ་འབྱོར་ལ་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་བཏོན་ཡོད།