རོགས་སྐྱོར་བརྩེ་བ་ཟབ། ཕྱུག་འགྱུར་ལམ་བུ་ཡངས།
“ཡིད་རྟོན་ཁང་དུ་ཇི་ལྟར་བསྐྱོད་དགོས་སམ”
“མདུན་གྱི་གཡས་ངོས་སུ་ཡོད”
གོང་གི་སྐད་ཆ་དེ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་གི“ཐང་ཐང་མཉམ་ལས”ཀྱི་སྤྱི་སྐད་དངོས་སྦྱོང་རྟེན་གཞིའི་སློབ་ཁང་དུ་སྐད་ཆ་ཤོད་རེས་སྦྱོང་བརྡར་བྱེད་པའི་རྣམ་པ་ཡིན།
“ལི་ཐང་རྫོང་གི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པས་ལོ་ལྟར་ཡུལ་སྐོར་ལ་ཡོང་མཁན་མང་པོ་ཡོད། འོན་ཀྱང་ས་གནས་དེ་གའི་མང་ཚོགས་ཀྱིས་སྤྱི་སྐད་ཡག་པོ་ཤོད་ཤེས་ཀྱི་མེད་པས་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ལ་འགོག་རྐྱེན་བཟོས་ཡོད”ཅེས་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཆན་ཐང་ཆུས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན་ལི་ཐང་རྫོང་ཨུད་ཀྱི་རྒྱུན་ཨུ་རྫོང་དཔོན་གཞོན་པ་ཡེ་ཞའོ་མིང་གིས་བཤད། 2021ལོར་ཀྲེ་ཅང་དང་སི་ཁྲོན་ཤར་ནུབ་རྒྱུད་ཀྱི་རོགས་ལས་བྱེད་ཐེངས་གསར་པ་འགོ་ཚུགས་ཤིང་། ཀྲེ་ཅང་གིས་སི་ཁྲོན་གྱི་རྫོང་68ལ་ཆ་སྒྲིག་རོགས་སྐྱོར་བྱས་པའི་ཁྲོད། ཆན་ཐང་ཆུས་ཀྱིས་ལི་ཐང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པས། ས་གནས་གཉིས་ཀར“ཐང”ཞེས་པའི་ཡིག་འབྲུ་དེ་ཡོད་པར་བརྟེན“ཐང་ཐང་མཉམ་ལས”ཞེས་མིང་བཏགས་པ་རེད།
རོགས་སྐྱོར་བྱེད་པར་སྔོན་ལ་རིག་སྐྱོར་བྱེད་དགོས། 2021ལོར་ལས་དོན་རུ་ཁག་ལི་ཐང་རྫོང་དུ་འབྱོར་ནས་ཡུན་རིང་མ་སོང་བར་ས་གནས་དེ་གར་སྤྱི་སྐད་གསོ་སྦྱོང་དང་ཁྱབ་གདལ་བཏང་བ་རེད། གསོ་སྦྱོང་དང་སློབ་སྦྱོང་བྱས་པ་བརྒྱུད། ལོ་23ལ་སླེབས་པའི་བསྟན་འཛིན་ཆོས་དར་མཛེས་ལྗོངས་ཁུལ་གྱི་འགྲེལ་བཤད་པ་ཞིག་ཏུ་གྱུར་ནས་ཟླ་རེའི་གླ་ཆ་སྒོར་4000ལྷག་ཙམ་ཟིན་གྱི་ཡོད། ས་ཆ་གཞན་གྱི་ཡུལ་སྐོར་བ་དང་སྤེལ་རེས་བྱས་པས་བསྟན་འཛིན་ཆོས་དར་གྱི་མཐོང་རྒྱ་ཇེ་ཡངས་སུ་ཕྱིན་ཡོད། 2021ལོའི་ལོ་མཇུག་ཏུ་ཁོང་གིས་ཕ་ཡུལ་རི་སྒོ་གྲོང་ཚོར་དམངས་སྲོལ་ཁྱིམ་ཚང་མགྲོན་ཁང་བཙུགས་པར་ཁང་མིག་བརྒྱད་ཡོད་པ་དང“ཡུལ་སྐོར་བ་མང་བའི་སྐབས་སུ་ཉིན་རེར་ཡོང་འབབ་སྒོར་1500རག་གི་འདུག”ཅེས་བཤད།
འཛད་སྤྱོད་རོགས་སྐྱོར་ནི་ཤར་ནུབ་རྒྱུད་ཀྱི་རོགས་ལས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན། འདི་ལོའི་ཟླ་གཉིས་པར“ཐང་ཐང་མཉམ་ལས”ཀྱི་འཛད་སྤྱོད་རོགས་སྐྱོར་གྱི་ཐོན་རྫས་འདེམས་ཉོའི་ཚོང་འདུས་ཧང་ཀྲོའུ་རུ་གཉེར་ཞིང་། ལ་ཕུག་སྐམ་པོ་དང་། ཚགས་ཤ ཇ་བསྲུབས་མ་སོགས་ལི་ཐང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཉོ་མཁན་མང་པོ་བྱུང་ཡོད།
ཆན་ཐང་ཆུས་འཕེལ་སྒྱུར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། རེས་སྐོར་གསར་པའི་ཁ་གཏད་རོགས་སྐྱོར་བྱས་ཚུན“ཐང་ཐང”གྲངས་འཛིན་དྲ་ཐོག་ཐད་གཏོང་དཔེ་སྟོན་རྟེན་གཞི་བསྐྲུན་པ་བརྒྱུད། “ཐང་ཐང”གི་གྲོང་གསེབ་རིག་གནས་དང་ཡུལ་སྐོར་ཐོན་རྫས་འོས་སྦྱོར་ཚོགས་འདུ་དང་ཀྲེ་ཅང་དང་སི་ཁྲོན་གྱི་ཁ་གཏད་རོགས་སྐྱོར་གྱི་འཛད་སྤྱོད་རོགས་སྐྱོར་བྱེད་སྒོ་ལས་ཁུངས་ལ་ཁྱབ་གདལ་གཏོང་བ་སོགས་ལ་བརྟེན་ནས་ཆན་ཐང་ཆུས་ཀྱིས་སི་ཁྲོན་གྱི་ཞིང་འབྲོག་ཐོན་རྫས་སྒོར་དུང་ཕྱུར་1ལྷག་ཙམ་འཚོང་རོགས་བྱས་པ་རེད།
སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་དྲུང་ཆེ་གཞོན་པ་སི་ཁྲོན་དུ་བཅའ་སྡོད་ཀྲེ་ཅང་ཞིང་ཆེན་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཅུན་གྱིས་གསར་འགོད་པར“ང་ཚོས་ཀྲེ་ཅང་གི་ཁྲོམ་རའི་ལེགས་ཆ་བཏོན་ནས་འབྲི་གཡག་དང་། ཇ་ལོ། གཡེར་མ་སོགས་ཀྱི་ཆེད་ལས་ཁྲོམ་ར་ཁག་ཅིག་བསྐྲུན་རོགས་བྱས་པ་དང་ཆབས་ཅིག་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱི་ལེགས་ཆ་བཏོན་ནས་སི་ཁྲོན་གྱི་ཡུལ་ཐོན་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་ཁྲོམ་ར་ཆེན་པོར་ཁྱབ་གདལ་བཏང་ཡོད”ཅེས་བཤད།
ལི་ཐང་རྫོང་ཧོ་རྙིང་ཤང་གི“ཐང་ཐང་མཉམ་ལས”ཀྱི་འབྲི་གཡག་ཐོན་ལས་གླིང་དུ་འབྲི་གཡག་དག་བག་ཕེབས་ངང་རྩྭ་བཟའ་བཞིན་མཆིས།
འབྲི་གཡག་གི་ཐོན་ལས་ནི་ལི་ཐང་རྫོང་གི་སྲོལ་རྒྱུན་ཐོན་ལས་ཤིག་ཡིན་ལ་གྲོང་གསེབ་དར་རྒྱས་གཏོང་བའི་ཀ་རྟེན་ཐོན་ལས་ཤིག་ཀྱང་ཡིན། ལི་ཐང་གི་འབྲི་གཡག་གསོ་ཚགས་ཐད་ལྷག་པའི་གནད་དོན་ཐག་གཅོད་བྱ་ཆེད། ཆན་ཐང་ཆུས་ལས་དོན་རུ་ཁག་གིས“གླིང་ཁུལ་དང་། ཁེ་ལས། མཉམ་སྡེབ་འབྲོག་ར། མཉམ་ལས་ཁང་། འབྲོག་དུད”བཅས་ཟུང་དུ་འབྲེལ་བའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་བཏོད་དེ་རྩྭ་ཐང་བརྒྱུད་ཤུག་དང་། གླིང་ཁུལ་ལས་སྒྲུབ། འབྲི་གཡག་ཚབ་གསོ། རྒྱུ་ནོར་མ་རྐང་ནང་ཞུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཁེ་ལས་དང་། མཉམ་ལས་ཁང་། འབྲོག་དུད་བཅས་ཁེ་ཕན་གཅིག་མཐུན་དུ་གྱུར་ཡོད། གྲོང་ཚོའི་མཉམ་ལས་ཁང་གིས་འབྲི་གཡག་གཅིག་གྱུར་གླིང་ཁུལ་དུ་གསོ་ཚགས་བྱ་རྒྱུར་མངགས་བཅོལ་བྱེད་ཆོག་པ་དང་ལོ་ལྟར་མགོ་གྲངས་རེར་སྒོར་500ཡི་གཏན་འཇགས་བགོ་འགྲེམས་རག་གི་ཡོད། འབྲི་གཡག་བཤས་བཏང་རྗེས་སླར་ཡང་བསྡུར་ཚད་ལྟར་བགོ་འགྲེམས་རྒྱག་གི་ཡོད་པ་རེད། ཧོ་རྙིང་ཤང་ཧོ་ར་རྙིང་པ་གྲོང་ཚོའི་མཉམ་ལས་ཁང་གིས་འབྲི་གཡག་160གླིང་ཁུལ་ལ་གསོ་ཚགས་བྱས་པར་མངགས་པར་གྲོང་ཚོ་ཡོངས་ཀྱི་དུད་ཚང་285ལ་ན་ནིང་བགོ་འགྲེམས་སྒོར་ཁྲི་24.8རག་ཡོད། ཟླ་བ་དྲུག་རིང་འབྲི་གཡག་གླིང་ཁུལ་དུ་ཚན་རིག་དང་མཐུན་པའི་རྒྱགས་གསོ་བྱས་ནས་ལྗིད་ཚད་རྒྱ་མ་400ཟིན་རྗེས་བཤས་གཏོང་གི་ཡོད་པས་སྲོལ་རྒྱུན་གྱི་གསོ་ཚགས་དུས་འཁོར་ལས་ཆེས་ཐུང་བ་ཡོད།
ཝང་ཅུན་གྱིས“2021ལོ་ནས་བཟུང་། ཀྲེ་ཅང་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་ལས་བྱེད་པ་155དང་ཆེད་ལས་ལག་རྩལ་ཤེས་ལྡན་པ་1000ལྷག་ཙམ་སི་ཁྲོན་དུ་གནས་སྦྱར་རོགས་སྐྱོར་བྱེད་པར་བཏང་བ་དང་། ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་66.1བཀོད་སྒྲིག་བྱས་པ། ཁ་གཏད་རོགས་སྐྱོར་རྣམ་གྲངས་1643དོན་འཁྱོལ་བྱས་ཡོད། གོམ་སྟབས་རྗེས་མར་ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུར་དམིགས་ཏེ། གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཡངས་པ་བཅས་ཀྱི་མཉམ་ལས་མ་ལག་མགྱོགས་མྱུར་ཆགས་པར་བྱས་ཏེ་ཚད་གཞི་དེ་བས་མཐོ་བའི་སྒོ་ནས་ཀྲེ་ཅང་དང་སི་ཁྲོན་ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལ་གྲུབ་འབྲས་དེ་བས་ལེགས་པ་ཐོབ་རྒྱུར་སྐུལ་འདེད་གཏོང་གི་ཡིན”ཞེས་བཤད་པ་རེད།