མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གླུ་དབྱངས་ལེན།
—— བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་བསྟར་བྱས་པ།
འདི་ནི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པའི་ནང་མིས་མི་རིགས་ཁག་གི་ལོ་ཆུང་གདོང་ལེན་རུ་མིར་དམག་སྡེ་བཅོ་བརྒྱད་པའི་སྒྲུང་གཏམ་ཤོད་བཞིན་པ།
“མིག་སྔར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་པ་མ་ཟད། བོད་ཀྱི་འཕེལ་རྒྱས་ཀྱང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲངས་བ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ། སེམས་ནུས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ཚེ། ང་ཚོས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད”
འདི་ནི་2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་བོད་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ལ་གནང་བའི་མངག་བཅོལ་ཟབ་མོ་ཞིག་རེད།
ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་གླུ་དབྱངས་ལེན།
དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀ་ཙམ་དུ། ཞིང་ནང་དུ་ལས་ཀ་བྱས་ཚར་མ་ཐག་པའི་པ་སངས་རྡོ་རྗེས་ཟིན་བྲིས་དེབ་དང་བོད་རྒྱ་ཤན་སྦྱར་གྱི་དཔེར་བརྗོད་དུ་བཀོད་པའི་ལག་དེབ་རྙིང་པ་ཅིག་ཁྱེར་ནས་བྲེལ་འཚུབ་ངང་རྫོང་དགའ་གྲོང་ལྷན་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བར་སྐྱོད།
གསར་དུ་བདམས་པའི་སྐྱིད་གྲོང་རྫོང་རྫོང་དགའ་གྲོང་རྡལ་རྫོང་དགའ་གྲོང་ལྷན་གྱི་ཀྲི་པུའི་ཧྲུའུ་ཅི་པ་སངས་རྡོ་རྗེ་ནི་ལོ་ན་གཞོན་ཞིང་། སེམས་བག་ཡངས་བ་དང་། སྒྲིག་འཛུགས་ཀྱི་ནུས་པ་ཆེ་བ་ཞིག་ཡོད་ལ། གྲོང་ལྷན་འགོ་ཁྲིད་ཚན་ཁག་གི་སྤྱི་སྤྱོད་སྐད་ཡིག་གི་ཆུ་ཚད་མཐོར་གཏོང་འཛིན་གྲྭའི་ནང་སྦྱངས་འབྲས་ཡག་ཤོས་ཀྱི“སློབ་མ”ཞིག་ཀྱང་རེད།
“སྐྱིད་གྲོང་རྫོང་ནི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁག་བཅུ་པའི་དཔེ་སྟོན་རྫོང་ཞིག་རེད། ངས་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཡག་པོ་སྦྱོང་གི་ཡིན། དེ་ལྟར་བྱས་ཚེ་གཞི་ནས་སྔོན་ཐོན་གྱི་ཚན་རིག་ཤེས་བྱ་སྦྱོང་ཐུབ་པ་མ་ཟད། གྲོང་མི་ཚོའི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་འགྱུར་ཡོང་ཐུབ”ཅེས་པ་སངས་རྡོ་རྗེས་ཤོད་ཀྱིན་རྒྱ་ཡིག་བྲིས་པའི་ལག་དེབ་དེ་རྫོང་དགའ་གྲོང་ལྷན་གྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དང་རྫོང་དགའ་གྲོང་ལྷན་སྤྱི་སྤྱོད་སྐད་ཡིག་ཆུ་ཚད་མཐོར་གཏོང་འཛིན་གྲྭའི་དགེ་རྒན་ལིའུ་ཀང་ལ་སྤྲད།
རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ཅིག་ཡིན། མི་རིགས་ཁག་གི་མང་ཚོགས་དབར་སྐད་བརྡ་མི་འཕྲོད་པའི་གནས་ཚུལ་ཐག་གཅོད་དང་། འགལ་ཟླ་སེལ་བ། མཛའ་གཅུགས་ཟབ་ཏུ་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་གཏོང་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས་གཅིག་སྡུད་ཐོག་གསོ་སྦྱོང་དང་། གཅིག་གཏད་གཅིག་གི་ཆ་སྒྲིག་སློབ་རོགས། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི“བོད་སྒྱུར་ལོ་ཙཱ་བའི”APPསྤྱོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་གྲོང་ཚོ“ཨུ་ལྷན་གཉིས”སུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོའི་གསོ་སྦྱོང་ལག་ལེན་ཤུགས་ཆེན་བསྟར་ཡོད། མིག་སྔའི་བར། རྫོང་དགའ་གྲོང་ལྷན་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་ཆུ་ཚད་མཐོར་གཏོང་གི་འཛིན་གྲྭ་དུས་ཐེངས་2གཉེར་བ་དང་སློབ་སྦྱོང་བྱེད་པའི་དུས་ཡུན་ཆུ་ཚོད་50ལྷག་ཙམ་ཟིན་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ད་ཆ་གྲོང་ཚོའི་ལས་བྱེད་པས་སྒྲ་སྦྱོར་དང་། རྒྱུན་སྤྱོད་འཚོ་བའི་སྐད་ཆ། རྒྱུན་སྤྱོད་ལས་ཀའི་ཐ་སྙད། སྟབས་བདེའི་གཞུང་ཡིག་འབྲི་སྟངས་བཅས་ཁོང་དུ་ཆུད་ཡོད།
རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་ནི་རང་ལྗོངས་ཀྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། 2020ལོར་ཁྱབ་བསྒྲགས་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་སྲོལ་ཡིག》ནང“རིམ་ཁག་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་སྐད་གཉིས་སློབ་གསོའི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མི་རིགས་ཁག་ཕན་ཚུན་སྐད་ཡིག་སློབ་སྦྱོང་བྱ་རྒྱུར་སྐུལ་ལྕག་གཏོང་དགོས”ཞེས་གཏན་འབེབས་ཁ་གསལ་བྱས་ཡོད།
མི་རིགས་ཁག་གི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཕྱིན་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས“བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་འགྲོ་བར་ཕན་འདོགས་དགོས་པ་བཅས་མཐའ་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
སི་ཁྲོན་དབྱི་པིན་ནས་ཡིན་པའི་སུའེ་པིན་དང་ས་གནས་དེ་གའི་གྲོང་མི་ཚེ་རིང་ཆོས་སྒྲོན་ལྷོ་བྲག་ཏུ་གཉེན་སྒྲིག་བྱས་ཤིང་། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པར་བརྟེན་ཐག་རིང་གི་རྫོང་དེ་ནས་རླངས་འཁོར་ལ་བསྡད་དེ་ལྷ་སར་བསྐྱོད་ན་ཆུ་ཚོད་5ལྷག་ཙམ་ལས་འགོར་གྱི་མེད།
“ལམ་ཡག་པོ་ཡོད་པས་ང་དང་ཆོས་སྒྲོན་ལ་ཡོང་འབབ་གསོག་པའི་གོ་སྐབས་བྱུང་བ་མ་ཟད། ཕྲུ་གུ་ཚོའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཐུབ་སོང”ཞེས་སུའེ་པིན་གྱིས་དགའ་ཚོར་ཆེན་པོས་བཤད།
མི་རིགས་མཐུན་སྒྲིལ་ཡར་ཐོན་བྱུང་བ་དེས་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་དང་འདྲ་མཉམ་གྱི་དབང་ཆར་འགན་ལེན་ནུས་ལྡན་བྱུང་བ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་ཡོང་བར་སྐུལ་མ་ཐེབས་པ། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་རོགས་རམ་བཅས་ཐུབ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།
2022ལོར་ཁྲོན་བོད་ལྕགས་ལམ་བོད་ལྗོངས་དུམ་བུའི་ལྷན་སྦྱར་གཞུང་ལམ་རྣམ་གྲངས་46དང་རྒྱལ་ལམ་318ཀྱི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་ལས་གྲྭ་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ་དང་ཕད་ནས་མེ་ཏོག་བར་གྱི་གཞུང་ལམ་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ་དང་། ལྗོངས་ཡོངས་ཀྱི་འབྲུ་རིགས་དང་། སྔོ་ཚལ། ཤ་ཚལ་སྒོང་གསུམ་གྱི་ཐོན་འབོར་ཁག་སོ་སོར་ཏུན་ཁྲི་107དང་། ཏུན་ཁྲི་93 ཏུན་ཁྲི་88བཅས་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ། ཞིང་འབྲོག་མང་ཚོགས་ཁྲི་63.1ལས་ཞུགས་གཞན་སྒྱུར་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་55.6བྱུང་བ། སློབ་གསོ་དང་། སྨན་བཅོས། རིག་གནས། བདེ་སྡོད་འགན་ལེན། རོགས་སྐྱོར་རོགས་སྐྱོབ་སོགས་ལ་མ་དངུལ་གཏོང་ཚད་ཟམ་མི་ཆད་པར་མང་དུ་ཕྱིན་པ་དང་དམངས་འཚོའི་རྣམ་གྲངས་13གྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ། དམངས་འཚོའི་དོན་དངོས་ཁག་38ཚང་མ་དོན་འཁྱོལ་བྱུང་ཡོད། མཐའ་མཚམས་རྫོང་གྲོང་གི་ཚད་ལྡན་ཅན་གྱི་ཆུ་མཁོ་འདོན་བཟོ་གྲྭ་དང་གད་སྙིགས་སྦས་ས་ཚང་མ་བསྐྲུན་ཟིན་པ། རང་བྱུང་གྲོང་ཚོ་30ཡི་ཨར་འདམ་ལམ་ཚང་མ་སྐྲུན་འགོ་ཚུགས་པ། ཤང་དང་གྲོང་རྡལ་གཙོ་བོར་གློག་དང་དྲ་བ་ཁྲིད་པ། སྦྲག་སྲིད་དང་། དྲ་ཆེན། 4Gབརྡ་རྟགས་བཅས་གྲོང་ཚོ་ཚང་མར་ཁྱབ་པ་བཅས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གངས་ལྗོངས་ས་མཐོའི་ཕྱོགས་གང་སར་ཁྱབ་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི་360ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
མི་རིགས་ཁག་འཆམ་མཐུན་དང་ལྟ་རེས་སྐྱོང་རེས་ལ་སྐུལ་འདེད་བཏང་བ།
བོད་དུ་གཟིགས་ཞིབ་དང་བརྟག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭའི་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས”ཞེས་གསུངས་ཡོད།
ཐེམ་ཁུངས་བོད་ནས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིའི་གཞུང་ལས་པར་རྒྱུགས་སྤྲོད་པའི་ལས་ཞུགས་སྲིད་ཇུས་ལ་བརྟེན་ནས་2018ལོར་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་པའི་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་གི་བསོད་ནམས་བསྟན་འཛིན་ཀྲེ་ཅང་ཞིང་ཆེན་ཧྲི་ལི་ཕིང་བཙོན་ཁང་དུ་ལས་ཀ་བྱས་ནས་གཞི་རིམ་གྱི་ལས་བྱེད་ཉེན་རྟོག་པ་ཞིག་ཏུ་གྱུར་ཡོད།
“ང་ཚོ་ནི་ཁྱིམ་ཚང་གཅིག་གི་མི་ཡིན”ད་ཆའི་ལས་ཀ་དང་འཚོ་བའི་སྐོར་གླེང་སྐབས་བསོད་ནམས་བསྟན་འཛིན་གྱིས་གདེང་ཚོད་ཀྱིས་ཁེངས་བཞིན“བོད་ཀྱི་སློབ་ཐོན་སློབ་མ་དེ་བས་མང་བ་ཀྲེ་ཅང་དུ་ལས་ཀ་དང་འཚོ་བ་སྐྱེལ་བར་ཡོང་རྒྱུའི་རེ་བ་ཡོད་ལ། ཀྲེ་ཅང་གི་གཞོན་ནུ་བོད་དུ་ལས་ཀ་བྱེད་པ་དང་འཚོ་བ་བསྐྱལ་ནས་ངའི་ཕ་ཡུལ་ལ་རྒྱུས་ལོན་གནང་རྒྱུའི་རེ་བ་ཡོད”ཅེས་བཤད།
མིག་སྔའི་བར་རང་ལྗོངས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་140དང་དཔེ་བཟང་མི་སྒེར་189དང་། རང་སྐྱོང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་པའི་དཔེ་བཟང་མཉམ་སྡེབ་1794དང་དཔེ་བཟང་མི་སྒེར་2657ཡོད། ལྷ་ས་དང་། གཞིས་རྩེ། ཉིང་ཁྲི། ཆབ་མདོ། མངའ་རིས་བཅས“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར(ས་ཁུལ)”ལ་བདམས་ཡོད།