ཏང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུཌ་སྣོན་རྒྱག་དགོས།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
ཏང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་འགོ་འཁྲིད་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་རང་རྒྱལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རྩ་བའི་འགན་ལེན་ཡིན། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་དགོས”ཞེས་ནན་བཤད་གནང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ལས་དོན་ཧྲིལ་པོའི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་འཐབ་ཇུས་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ཁྲོད་དུ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནི་དེའི་ཁྲོད་ཀྱི་ཆ་ཤས་ཤིག་ཡིན་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་མཛད་ཇུས་ནང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་བྱེད་པ་ནི་དེའི་ཁྲོད་ཀྱི་དོན་ཚན་ཞིག་ཡིན་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ཁྲོད་ལྗང་མདོག་ནི་དེའི་ཁྲོད་ཀྱི་གྲས་ཤིག་ཡིན་པ། འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ་ནང་སྦགས་བཙོག་འགོག་བཅོས་ནི་དེའི་ཁྲོད་ཀྱི་དམག་འཐབ་ཅིག་ཡིན་པ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་དམིགས་ཚད་ཁྲོད་མཛེས་སྡུག་ལྡན་པའི་ཀྲུང་གོ་ནི་དེའི་ནང་གི་ཆ་ཤས་ཤིག་ཡིན་པ་བཅས་རེད། དེ་ཐོག་ནས་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་དུ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གིས་གནས་བབ་གལ་ཆེན་བཟུང་བ་གསལ་སྟོན་བྱས་ཡོད། དུས་རབས་གསར་པ་ཤར་ཚུན་ང་ཚོར་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་གལ་ཆེན་སྤོས་པ། “འགྱུར་ལྡོག་གལ་ཆེན་བཞི”མངོན་འགྱུར་བྱུང་བ་བཅས་ཀྱི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་སྐྱེ་ཁམས་ཤེས་དཔལ་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་བརྟེན་པས་རེད།
ཏང་གི་ཚོགས་ཆེན་ཉི་ཤུ་པས“ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་བཀོད་སྒྲིག་གལ་ཆེན་གནང་བ་དེས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་དུས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་གནང་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས། ང་ཚོས་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་ཞིག་ལ། སྐྱེ་ཁམས་ཁོར་ཡུག་ནི་ཏང་གི་ལས་འགན་དང་དམིགས་ཡུལ་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་ལ། དམངས་འཚོ་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གྲུབ་ཆའི་རང་བཞིན་དང་། འབྱུང་རྩའི་རང་བཞིན། འཕེལ་ཕྱོགས་རང་བཞིན་བཅས་ཀྱི་གནོན་ཤུགས་ད་དུང་རྩ་བའི་ཆ་ནས་ཞི་ལྷོད་དུ་གཏོང་ཐུབ་མེད་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྔར་བཞིན་གནོན་ཤུགས་ཉིས་བརྩེགས་དང་ཁུར་ཐེག་མདུན་སྐྱོད་ཀྱི་འགག་རྩའི་དུས་སུ་གནས་ཡོད། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་སླད་ཕྱིན་གྱི་ལོ་5ཡི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དུས་སྐབས་གལ་ཆེན་ལ་དམ་འཛིན་ནན་པོ་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་གཏོང་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དོན་ཐོག་ཏུ་འཁྱོལ་མིན་གྱི་འགག་རྩ་ནི་འགོ་ཁྲིད་ལས་བྱེད་པར་ཐུག་ཡོད། ས་གནས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཞིབ་འཇུག་དང་གཏན་འབེབས་བྱ་རྒྱུར་དམ་འཛིན་བྱས་ཏེ། ཕྱོགས་ཡོངས་ལ་ཁྱབ་པ་དང་། འགན་དབང་གཅིག་གྱུར། བྱ་དགའ་ཆད་གཅོད་གསལ་པོ་འབྱེད་པ། གཅིག་ལ་གཅིག་བརྟེན་བཅས་ཀྱི་འགན་འཁྲིའི་མ་ལག་འཛུགས་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་རལ་གྲི་རྣོན་པོའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་དགོས”ཞེས་གསུངས་ཡོད། ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ལས་དོན་སྤེལ་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཐད་སྤྱད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། དེས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མི་དམངས་མང་ཚོགས་ཀྱི་བསམ་འཆར་མང་བའི་ཁོར་ཡུག་སྦགས་བཙོག་དང་སྐྱེ་ཁམས་གཏོར་བཤིག་གི་གནད་དོན་ཐག་གཅོད་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་རེད། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡར་བརྩོན་གྱི་རྒྱང་ལམ་གསར་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། སྐྱེ་ཁམས་ཤེས་དཔལ་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་པ། ངར་སེམས་ཆེར་སྐྱེད་དང་འབད་བརྩོན་ལྷོད་མེད་བཅས་བྱས་ཚེ་ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཟམ་མི་ཆད་པར་སྐུལ་འདེད་ཐུབ་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཐུབ་ངེས་རེད།