ལྟ་རེས་སྐྱོང་རེས་ཀྱི་བརྩེ་བ་ཟབ་པའི་ལོ་ངོ་དྲུག་ཅུ།
—— ཨར་ཅི་རི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཀྲུང་ཨར་རྒྱལ་ཁབ་གཉིས་ཀྱི་ལས་དབང་གཅིག་མཐུན་གྱི་མི་སེམས་འགུལ་བའི་ལེའུ་བརྩམས་པ།
འདི་ནི་2023ལོའི་ཟླ་2ཚེས་27ཉིན་ཨར་ཅི་རི་ཡའི་ཨའེ་དབྱིན་ཏི་ཧྥུའུ་ལཱ་རུ་ལོ་63ལ་སླེབས་པའི་ཨ་ལི་ལི·ཧོ་དབྱི་ལཱ(གཡོན)སྨན་ཁང་དུ་ཡོང་ནས་ཨར་ཅི་རི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྨན་པ་ལི་ཧུང་ལིང་ལ་ཐུགས་རྗེ་ཆེ་ཞུ་བཞིན་པ།
འདི་ནི་ཨར་ཅི་རི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྨན་པ་ཀྲང་ཡིའུ་མིང(དཀྱིལ)གིས་ཨར་ཅི་རི་ཡར་བརྒྱབ་པའི་པར་ཡིན་པ།
1963ལོར་ཀྲུང་གོས་ཕྱི་རྒྱལ་དུ་སྨན་བཅོས་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་དང་པོ་བཏང་ནས་དམག་འཁྲུག་རྗེས་ཀྱི་ཨར་ཅི་རི་ཡར་སྨན་བཅོས་འཕྲོད་བསྟེན་མ་ལག་སྐྲུན་རོགས་བྱས་ཡོད། ཨར་ཅི་རི་ཡ་1962ལོར་རང་བཙན་བྱུང་རྗེས། རྒྱལ་དམངས་ལ་སྨན་པ་དང་སྨན་རྫས་དཀོན་པའི་དཀའ་ངལ་འཕྲད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་རོགས་སྐྱོར་བྱེད་རོགས་ཞུས་ཡོད། ཀྲུང་གོ་ནི་དང་ལེན་བྱེད་མཁན་རྒྱལ་ཁབ་དང་པོ་རེད།
ཨར་ཅི་རི་ཡའི་འཕྲོད་བསྟེན་པུའི་རེ་ཞུ་ལྟར་ཨར་ཅི་རི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་དང་པོ་1963ལོའི་ཟླ་4ཚེས་6ཉིན་པེ་ཅིང་ནས་ཐོན་ཏེ། མོ་སི་ཁོ་དང་། པེར་ཀེ་ལེ་ཏེ། ལ་པ་ཐེ་བཅས་བརྒྱུད་ཉིན་10ཡི་རྗེས་སུ་ཨར་ཅི་རི་ཡའི་སའེ་དབྱི་ཏ་གྲོང་ཁྱེར་དུ་འབྱོར། ཀྲུང་ནན་སློབ་ཆེན་ཤང་ཡཱ་སྨན་ཁང་གི་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པ་ཀྲང་ཡིའུ་མིང་ནི་དེའི་གྲས་ཤིག་རེད།
ད་ཆ་ལོ་90ལ་སླེབས་པའི་ཀྲང་ཡིའུ་མིང་གིས་གསར་འགོད་པར། ངས་ཨར་ཅི་རི་ཡར་ལོ་གཉིས་དང་ལོ་ཕྱེད་ཙམ་ལས་ཀ་བྱས་པ་དང་གཤགས་བཅོས་སྟོང་ཕྲག་བྱས་ནས་ས་གནས་དེ་གའི་ཕྲུ་གུ་མང་པོ་ཞིག་བདེ་བླག་ངང་བཙའ་ཐུབ་པ་བྱུང་ཡོད་ཅེས་བརྗོད་ཅིང་། ཁོང་གིས་ཉིན་ཐོའི་ནང“ངས་ནང་མི་མཉམ་འཛོམས་ཀྱི་གོ་སྐབས་དོར་ཏེ་རྒྱལ་ཁབ་གཞན་གྱི་མི་དམངས་ལ་སྡུག་བསྔལ་སེལ་རོགས་བྱས་ནས་ཁོང་ཚོ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱས་པས། ང་ལ་བདེ་སྐྱིད་ཀྱི་ཚོར་སྣང་ཞིག་བྱུང་བ་མ་ཟད། མི་ཚེའི་རིན་ཐང་མངོན་འགྱུར་བྱུང་བའི་ཚོར་སྣང་ཞིག་ཀྱང་ཡོང་གི་འདུག”ཅེས་བྲིས་ཡོད།
ཀྲང་ཡིའུ་མིང་གིས་མིང་ལ་སི་ལེ་མཱ་ཉི་ཟེར་བའི་འབྲོག་མོ་ཞིག་གི་སྲོག་བསྐྱབས་པའི་གནས་ཚུལ་ད་དུང་སེམས་ནང་ངེས་ཡོད། བུད་མེད་དེ་ཕྲུ་གུ་སྐྱེ་དཀའ་བའི་རྐྱེན་གྱིས་ཁྲག་མང་པོ་དོན་ནས་དྲན་པ་ཐོར་ཡོད། ཀྲང་ཡིའུ་མིང་གིས་གཤགས་བཅོས་བྱས་པས་ཕྲུ་གུ་བདེ་བླག་ངང་བཙས་ཐུབ་ཡོད། ཀྲང་ཡིའུ་མིང་གིས་སྦྲུམ་མ་དེ་ཉིན་མཚན་ཁ་ཤས་ལྟ་སྐྱོང་བྱས་པས་སྲོག་ཉེན་ལས་ཐར་ཡོད། སྨན་ཁང་ནས་དོན་སྐབས་སི་ལེ་མཱ་ཉིས“ཁྱེད་ནི་ངའི་བློས་འཁེལ་ཤོས་ཀྱི་སྨན་པ་ཡིན”ཞེས་བཤད།
1965ལོའི་ཟླ་11པར་ཀྲང་ཡིའུ་མིང་སའེ་དབྱི་ཏ་ནས་བྲལ་སྐབས་ནད་པ་མང་པོ་ཞིག་གིས་ཁོང་གི་ལག་ནས་འཇུས་ཏེ་འབྲལ་མི་ཕོད་པ་བྱས། ཀྲང་ཡིའུ་མིང་གི་མིག་ལ་མཆི་ཞག་འཁོར་བཞིན་ནད་པ་དང་ཁ་གྱེས།
ཧུའུ་པེའི་སྨན་པ་ཞུའེ་ཅིན་གྱིས་ཀྲང་ཡིའུ་མིང་གི་ལས་འགན་དང་དུ་བླངས་ནས་1965ལོ་ནས་1968ལོ་བར་ས་གནས་དེ་གར་ལས་ཀ་བྱས། ཞུའེ་ཅིན་གྱིས་སྐབས་དེ་དུས་ས་གནས་དེ་གར་ཧྥ་རན་སེ་ནས་སློབ་སྦྱོང་བྱས་ཏེ་ལོག་པའི་སྨན་པ་གཅིག་དང་སྨན་གཡོག་གཅིག་ལས་མེད་ཅེས་དྲན་གསོ་བྱེད་བཞིན་བཤད།
ལོ་ངོ་དྲུག་ཅུའི་རིང་། ཀྲུང་གོ་ཕྱོགས་ཀྱིས་ཨར་ཅི་རི་ཡ་ཕྱོགས་ལ་སྨན་བཅོས་རུ་ཁག་ཁག་ཐེངས་27དང་སྨན་དོན་མི་སྣ་མི་ཐེངས་3522བཏང་ནས་རིམ་རྩིས་བྱས་ན་ནད་པ་མི་ཐེངས་ཁྲི་2700ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་། ཕྲུ་གུ་དམར་འབྱར་ཁྲི་207ལྷག་ཙམ་ལ་སྐྱེས་གཡོག་རྒྱུག་ཡོད། ད་བར་ཨར་ཅི་རི་ཡ་དང་ལྷག་པར་དུ་ས་ཧ་ལ་བྱེ་ཐང་དང་དེ་བཞིན་ཉེ་འཁོར་ཞིང་ཆེན་གྱི་སྨན་བཅོས་ཐོན་ཁུངས་སྔར་བཞིན་དཀོན་པས་ས་གནས་དེ་གར་ཡོད་པའི་ཀྲུང་གོའི་སྨན་བཅོས་རུ་མིས་སྔར་བཞིན་སྨན་བཅོས་ཀྱི་ལས་འགན་འཁུར་བཞིན་ཡོད།
ཀྲུང་གོའི་སྨན་བཅོས་རུ་ཁག་གིས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་ཨར་ཅི་རི་ཡའི་མི་དམངས་ཀྱིས་སེམས་ལ་བརྟན་པོར་ངེས་ཡོད། ཨར་ཅི་རི་ཡའི་ཨའེ་དབྱིན་ཏི་ཧྥུའུ་ལཱ་ཞིང་ཆེན་གཞུང་བཙུགས་སྨན་ཁང་གི་ཡོན་ཀྲང་ཧ་པི་ཧྲེ·པུའུ་ཨ་པུའུ་ཏུའུ་ལཱ་ཡིས་གསར་འགོད་པར“ང་ཚོའི་སྨན་ཁང་དུ་ལས་ཀ་བྱེད་མཁན་ཀྲུང་གོའི་སྨན་པ་ཚང་མ་ལས་ཀར་དགའ་ཞེན་ཆེན་པོ་ཡོད། དུས་གང་ཞིག་ཏུའང་ཁོང་ཚོར་རོགས་སྐྱོར་ཞུ་བའི་ཁ་པར་བརྒྱབ་ཆོག”ཅེས་བཤད།
ཨར་ཅི་རི་ཡར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་27པའི་སའེ་དབྱི་ཏ་ཡན་ལག་རུ་ཁག་གི་འགན་འཁུར་བ་ལུའེ་ལི་རུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སའེ་དབྱི་ཏ་གྲོང་ཁྱེར་གནས་སའི་ཞིང་ཆེན་གྱི་བུ་བཙའ་ཚན་ཁག་གི་གཤགས་བཅོས་90%ཙམ་ཀྲུང་གོའི་སྨན་པས་བྱས་པས་ཉེ་འགྲམ་གྱི་ཞིང་ཆེན་བཞི་ལྔ་ཡི་ནད་པ་ཡང་འདི་གར་སྨན་བཅོས་ལ་ཡོང་གི་ཡོད། ཀྲུང་གོའི་སྨན་པ་དང་མཉམ་དུ་ལས་ཀ་བྱས་ནས་ལོ་16སོང་བའི་སའེ་དབྱི་ཏ་བུད་མེད་དང་བུ་བཙའི་སྨན་ཁང་གི་བུད་མེད་དང་བུ་བཙའ་ཚན་ཁག་གི་ཀྲུའུ་རེན་ཅི་ལཱ་ལི·ཧྥེར་ཐུའུ་ཡིས“སའེ་དབྱི་ཏའི་ངོས་ནས་བརྗོད་ན་ཀྲུང་གོའི་སྨན་པ་ནི་མེད་དུ་མི་རུང་བ་ཞིག་རེད”ཅེས་བཤད།
ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཨར་ཅི་རི་ཡར་སྲོག་སྐྱོབ་རྨས་སྐྱོར་བྱས་པ་མ་ཟད། ད་དུང་གསོ་རིག་ཤེས་བྱ་དང་སྨན་བཅོས་ལག་རྩལ་སྒེར་སེམས་མེད་པར་སློབ་ཁྲིད་བྱས་ཡོད། འདི་ལོ་ནས་བཟུང་། ཧྭ་ཀྲུང་ཚན་རྩལ་སློབ་ཆེན་ཐུང་ཅི་གསོ་རིག་སློབ་གླིང་གི་ཞོར་གཏོགས་ཐུང་ཅི་སྨན་ཁང་གི་བུད་མེད་དང་བུ་བཙའ་ཚན་ཁག་གི་གཙོ་བཅོས་སྨན་པ་གཞོན་པ་ཨར་ཅི་རི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་སའེ་ཐི་ཧྥུའུ་ཡན་ལག་རུ་ཁག་གི་རུ་དཔོན་ཀྲུའུ་ཐའོ་ཡིས་གཟའ་འཁོར་གཅིག་ནས་གཉིས་ནང་ས་གནས་དེ་གའི་སྨན་དོན་མི་སྣར་ཆེད་དོན་འཆད་ཁྲིད་ཐེངས་རེ་བྱས་པ་མ་ཟད། འཆད་ཁྲིད་ཚར་རྗེས་བཀོལ་སྤྱོད་བཀོད་སྒྲིག་བྱས་ནས་ས་གནས་དེ་གའི་སྨན་དོན་མི་སྣ་དང་མཉམ་དུ་བཅོས་དཀའ་བའི་ནད་དཔེར་ལྟ་བ་དང་ནད་དཔེར་དབྱེ་ཞིབ་བྱས་ཏེ་ཕྲུ་གུ་བཙའ་བའི་ཤེས་བྱའི་སློབ་ཁྲིད་དང་གཤགས་བཅོས་སློབ་ཁྲིད་བྱེད་ཀྱི་ཡོད།
སའེ་དབྱི་ཏ་ཞིང་ཆེན་འཕྲོད་བསྟེན་ཐིང་གི་ཐིང་ཀྲང་ལཱ་མུའུ་ལི·ན་སིར་ཏིང་གིས“ང་ཚོར་སྨན་དོན་མི་སྣ་དཀོན་པའི་སྐབས་དང་ཐོག་ཀྲུང་གོས་རོགས་སྐྱོར་བྱས་པར་ང་ཚོས་ཀྲུང་གོའི་སྨན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ལྷག་པར་དུ་ཀྲུང་གོའི་བུད་མེད་དང་བུ་བཙའ་ཚན་ཁག་གི་སྨན་པས་ལོ་དྲུག་ཅུའི་རིང་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨར་ཀྲུང་རྒྱལ་ཁབ་གཉིས་པོས་གསོ་རིག་ཁྱབ་ཁོངས་ཐད་ཀྱི་མཉམ་ལས་ལ་དེ་བས་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད”ཅེས་བཤད་པ་རེད།