དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས།

    མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་འབོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-22

    ཚེས་18ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་ཉིའུ་གཡོད་དུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མི་ཐབས་རིག་ནུས་དང་བདེ་འཇགས་གནད་དོན་གྱི་རིམ་མཐོའི་ཡོངས་བསྒྲགས་ཚོགས་འདུར་ཞུགས་ནས། མི་ཐབས་རིག་ནུས་ལག་རྩལ་གྱི་ཉེན་ཁར་དོ་དམ་ཚོད་འཛིན་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་གསར་པ་བཙུགས་ནས་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་འབོད་བྱས་པ་རེད། འདི་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐད་མི་ཐབས་རིག་ནུས་ཀྱི་ཤུགས་རྐྱེན་ཐད་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་དེ་རེད།

    ཀུ་ཐེ་ལེ་སིས། ཉིན་རེ་བཞིན་གསར་དུ་ཐོན་པའི་མི་ཐབས་རིག་ནུས་ལག་རྩལ་གྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་མངོན་གསལ་དོད་པོ་ཐེབས་ཡོད་མོད། འོན་ཀྱང་ལག་རྩལ་དེས་འབྱུང་འགྱུར་འབྲས་བུ་གང་འདྲ་ཞིག་ཐོན་རྒྱུ་ཡིན་པ་མི་ཐབས་རིག་ནུས་གསར་སྤེལ་བྱེད་མཁན་གྱིས་ཀྱང་གསལ་པོ་ཤེས་ཀྱི་མེད། ད་ཆ་མི་ཐབས་རིག་ནུས་དེ་གོ་ལ་ཧྲིལ་པོའི་ཞི་བདེ་དང་བདེ་འཇགས་དང་འབྲེལ་བ་ཡོད། མི་ཐབས་རིག་ནུས་ཞི་བདེ་སྲུང་སྐྱོང་དང་། འདུམ་འགྲིག མི་ཆོས་རོགས་སྐྱོབ་སོགས་ཀྱི་ཐད་སྔར་ལས་མང་བ་སྤྱོད་བཞིན་ཡོད། ལག་རྩལ་འདི་ཁྲིམས་འགལ་གྱི་བྱེད་སྤྱོད་ཐད་ལའང་སྤྱོད་སྲིད། ཉེས་ཅན་པ་དང་འཇིགས་སྐུལ་པར་མི་ཐབས་རིག་ནུས་ཐོབ་པའི་ལག་རྩལ་དང་ནོར་དོན་གྱི་ཐེམ་པ་དམའ་བས་དེ་ཉིད་དམག་དོན་ལམ་ཡང་ན་དམག་དོན་མ་ཡིན་པའི་ཁྱབ་ཁོངས་སུ་སྤྱད་ན་གོ་ལ་ཧྲིལ་པོའི་ཞི་བདེ་དང་བདེ་འཇགས་ལ་མཇུག་འབྲས་ངན་པ་ཚབས་ཆེན་བཟོ་སྲིད་ཅེས་བརྗོད་པ་རེད།

    ཀུ་ཐེ་ལེ་སིས། མཉམ་འབྲེལ་རྒྱལ་ཚོགས་ནི་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལམ་སྲོལ་ལ་གྲོས་བསྡུར་བྱེད་ས་ཡག་ཤོས་ཤིག་རེད། རྒྱལ་ཁབ་ཁག་གཅིག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་གསར་པ་ཞིག་བཙུགས་ནས་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རེ་འབོད་བྱས་པར་ངས་དགའ་བསུ་ཞུ་རྒྱུ་ཡིན། སྒྲིག་གཞི་གསར་པའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་ཁབ་ཁག་གིས་མི་ཐབས་རིག་ནུས་ལག་རྩལ་ཡོངས་ཁྱབ་སྤྱད་ནས་ད་ཡོད་དང་མངོན་མེད་ཀྱི་ཉེན་ཁ་ལས་གཡོལ་རྒྱུ་དང་འབྲེལ། རྒྱལ་སྤྱིའི་ལམ་སྲོལ་བཙུགས་ནས་མི་ཐབས་རིག་ནུས་ལག་རྩལ་ལ་ལྟ་ཞིབ་ཚད་ལེན་དང་བཅོས་སྒྲིག་བྱ་རྒྱུ་དེ་རེད་ཅེས་བརྗོད་པ་རེད།

    ཀུ་ཐེ་ལེ་སིས། “མི་ཐབས་རིག་ནུས་ཀྱི་རིམ་མཐོའི་བློ་འདྲི་ཨུ་ཡོན་ལྷན་ཁང”བཙུགས་ནས་ལོ་མཇུག་གོང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐད་སྲིད་ཇུས་ཀྱི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།