དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དེང་རབས་ཞིང་ལས་གཡུ་ཡི་སྐྱེད་ཚལ་ནས། འབབ་འཕར་ཕྱུག་འགྱུར་གསེར་གྱི་འབྲས་བུ་སྨིན།

    —— ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་གིས་དེང་རབས་ཞིང་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-21

    ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་བརླ་མདོ་དབྱིན་ཧྥུང་སྐྱེ་ཁམས་ཞིང་རར་སྐྱོད་སྐབས་དེང་རབས་ཅན་དང་ཚད་ལྡན་ཅན་གྱི་སྔོ་ཚལ་དྲོད་ཁང་ཆེན་མོ་སྟར་པ་རེ་རེ་བཞིན་མིག་ལམ་དུ་འཆར། དྲོད་ཁང་ནང་དམར་སྨུག་གི་ཆེ་ཙི་དང་དམར་ཐིང་ཐིང་གི་ཀྲོ་མ་ཀྲུ་སོགས་སྔོ་ཚལ་སྣ་ཚོགས་མཐོང་རྒྱུ་འདུག་ལ། ཚལ་འདེབས་ཞིང་པ་ཁ་ཤས་ཀྱིས་སུར་པན་གྱི་མྱུ་གུར་ཡལ་བཞུར་རྒྱག་བཞིན་འདུག

    ཉེ་བའི་ལོ་ཤས་རིང་། སྨན་གླིང་རྫོང་ཆབ་ནག་ཤང་གིས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་པར་འབབ་འཕར་ཡོང་རྒྱུ་དམིགས་ཚད་དུ་བྱས་ནས་ལྷད་མེད་ཤིང་འབྲས་དང་སྔོ་ཚལ་དང་། སྐྱེ་ཁམས་གསོ་ཚགས། གྲོང་གསེབ་ཡུལ་སྐོར་སོགས་ཀྱི་ཐོན་ལས་ཁུལ་གཙོ་གནད་ཐོག་འཕེལ་རྒྱས་བཏང་བས་ཞིང་ལས་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་བྱུང་བ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐོན་ལས་འཕེལ་རྒྱས་ཀྱི་མྱུར་ལམ་ཐོག་སྐྱོད་ཐུབ་པ་བྱུང་ཡོད། དེའི་ཁྲོད་བརླ་མདོ་དབྱིན་ཧྥུང་སྐྱེ་ཁམས་ཞིང་རས་ཆབ་ནག་ཤང་གི་ཞིང་ལས་ཐོན་སྐྱེད་གཞི་ཁྱོན་ཅན་དང་། ཞིབ་བསྡུས་ཅན། དེང་རབས་ཅན་བཅས་དང་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་པའི་ཐད་ཐབས་ལམ་གསར་པ་བཏོད་ཡོད།

    བརླ་མདོ་དབྱིན་ཧྥུང་སྐྱེ་ཁམས་ཞིང་ར་ནི་2016ལོར་བོད་རང་སྐྱོང་ལྗོངས་ཀྱི“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ལག་ལེན་བསྟར་རྗེས་ཆབ་ནག་ཤང་དུ་བཙུགས་པ་ཞིག་ཡིན་པ་དང་། “ཀུང་སི་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”བྱེད་ཐབས་སྤྱད་དེ་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་དང་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ་ཞིག་རེད། མིག་སྔར་ཞིང་རར་མུའུ་2200ཡི་རང་འགུལ་ཅན་གྱི་ཐིགས་ཆུ་དང་ཐོར་ཆུ་གཏོང་བའི་མ་ལག་བསྐྲུན་ཟིན་ཡོད། དེ་གར་ཀྲོ་མ་ཀྲུ་དང་། སོ་ལོ་སྔོན་པོ། ཆེ་ཙི་སོགས་སྔོ་ཚལ་སྣ་ཁ་20ལྷག་ཙམ་བཏབ་ཡོད་ཅིང་། ལོ་རེར་མཁོ་སྤྲོད་བྱེད་ཚད་ཏུན་1000ཙམ་ཟིན་གྱི་ཡོད།

    བཀྲ་ཤིས་དགེ་ལེགས་ནི་ཤེལ་དཀར་མོན་པ་གྲོང་ཚོའི་གྲོང་མི་ཡིན་ཞིང་། མིག་སྔར་ཞིང་དལ་དུས་སུ་རྟེན་གཞིར་ལས་ཀ་ལོ་4ཙམ་བྱས་པར་ཆ་སྙོམས་ལོ་རེར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་རག་གི་ཡོད།

    “འདི་ལོ་འདི་གར་ས་ཞིང་མུའུ་1རྨོ་བར་སྒོར་80སྤྲོད་ཀྱི་ཡོད་པ་དང་། ཁྱོན་མུའུ་300ལྷག་ཙམ་རྨོ་དགོས། དྲོད་ཁང་གི་ཕྱི་རོལ་དུ་རྨོ་དགོས་པ་ཕུད། དྲོད་ཁང་ནང་དུའང་བསློགས་ནས་རྩྭ་ངན་འཐུ་དགོས་ཀྱི་ཡོད། ལོ་གཅིག་ནང་ངས་སྤྱིར་ན་འདི་གར་ལས་ཀ་བྱེད་ཀྱི་ཡོད”ཅེས་བཀྲ་ཤིས་དགེ་ལེགས་ཀྱིས་བཤད།

    གྲོང་ཚོའི་ནང་བཀྲ་ཤིས་དགེ་ལེགས་དང་འདྲ་བའི་ཞིང་རར་ལས་ཀ་བྱེད་མཁན་ཕུད། ད་དུང་ས་ཞིང་བརྒྱུད་བཤུག་ལ་བརྟེན་ནས་འབབ་འཕར་ཡོང་ཐབས་བྱེད་མཁན་གྱི་ཡུལ་དེ་གའི་མང་ཚོགས་མང་པོ་ཡོད། དེ་ལྟར་བྱས་ན་བེད་མེད་ས་ཆ་བེད་སྤྱོད་ཡག་པོ་ཐུབ་པ་མ་ཟད། ད་དུང་ངལ་རྩོལ་ནུས་ཤུགས་ལྷག་མར་ལས་ཞུགས་ཀྱང་ཐུབ་ཀྱི་ཡོད། 2022ལོར་ཤེལ་དཀར་མོན་པ་གྲོང་ཚོས་ས་ཞིང་བརྒྱུད་བཤུག་བྱས་པའི་མ་དངུལ་དང་མང་ཚོགས་ཀྱིས་གླ་པ་རྒྱུག་པའི་ཡོང་འབབ་ཁོ་ན་སྒོར་ཁྲི་110ལྷག་ཙམ་ཟིན་ཡོད།

    ཤེལ་དཀར་མོན་པ་གྲོང་ཚོ་ཕུད། སྨན་གླིང་གནམ་ཐང་འགྲམ་དང་རྒྱལ་ལམ་219ཡི་ངོགས་སུ་གནས་པའི་བྷ་ག་གྲོང་ཚོར་ཡང་ཧ་ཅང་སྟབས་བདེ་བའི་འདེབས་འཛུགས་དང་གསོ་ཚགས་ཀྱི་ཆ་རྐྱེན་འཛོམས་ཡོད། འདི་ལོའི་ལོ་སྟོད་དུ་བོད་ལྗོངས་ཉང་ཆུའི་སྐྱེ་ཁམས་ཉ་ལས་ཚད་ཡོད་ཀུང་སི་བྷ་ག་གྲོང་ཚོར་བཙུགས་ཡོད།

    བོད་ལྗོངས་ཉང་ཆུའི་སྐྱེ་ཁམས་ཉ་ལས་ཚད་ཡོད་ཀུང་སི་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་ས་གནས་དེ་གའི་གྲོང་མི་ལས་ཀར་གང་ཐུབ་བཅུག་ཡོད། “རྟེན་གཞི་འཛུགས་སྐྲུན་གྱི་བརྒྱུད་རིམ་ནང་ང་ཚོའི་གྲོང་ཚོའི་ལྗིད་འདེགས་རླངས་འཁོར་དང་རྐོ་འདྲུའི་འཕྲུལ་འཁོར་སྤྱད་ཡོད། ངས་རྐོ་འདྲུའི་འཕྲུལ་འཁོར་གྱིས་ལས་ཀ་ཉིན་གཉིས་བྱས་པར་ཁྱོན་བསྡོམས་སྒོར་2000ལྷག་ཙམ་རག་བྱུང”ཞེས་སྨན་གླིང་རྫོང་བྷ་ག་གྲོང་ཚོའི་གྲོང་མི་འབྲུག་བློས་འཛུམ་དམུལ་དམུལ་ངང་བཤད།

    བྷ་ག་གྲོང་ཚོའི་ལུག་གསོ་ཚགས་རྟེན་གཞིའི་ནང་གསོ་ཚགས་པས་ལུག་རའི་སྒོ་ཕྱེ་མ་ཐག་ས་མཐོའི་ལུག་མགོ་གྲངས་400ལྷག་ཙམ་གྲོག་ཚང་རྡོལ་བ་ལྟར་ལུག་ར་ནས་ཕྱིར་ཐོན་སོང་།

    སྨན་གླིང་རྫོང་བྷ་ག་གྲོང་ཚོའི་གྲོང་དོན་ལྟ་སྐུལ་ཨུ་ཡོན་བསྟན་འཛིན་དབང་མོས་ང་ཚོའི་ལུག་གསོའི་རྣམ་གྲངས་ནི་2016ལོའི་དབུལ་སྐྱོར་རྣམ་གྲངས་ཤིག་རེད། སྐབས་དེ་དུས་སྲིད་གཞུང་གིས་ང་ཚོར་ལུག་མགོ་གྲངས་200ཉོས་ཡོད། མིག་སྔའི་བར་ལུག་མགོ་གྲངས་400ལྷག་ཙམ་བར་མང་དུ་སོང་བ་དང་ལོ་ལྟར་ལུག་མགོ་གྲངས་50ཙམ་འཚོང་གི་ཡོད་པ་དང་། སྤྱིར་བཏང་ལུག་རེར་སྒོར་1000ཙམ་བྱས་ནས་འཚོང་གི་ཡོད་པས་གྲོང་ཚོའི་མཉམ་སྡེབ་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཡོང་གི་ཡོད།

    བྷ་ག་གྲོང་ཚོའི་2022ལོའི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1400ལྷག་ཙམ་ཟིན་པ་དང་། མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་པ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་100ཟིན་གྱི་ཡོད། འབྱུང་འགྱུར་བྷ་ག་གྲོང་ཚོས་འདེབས་འཛུགས་དང་གསོ་ཚགས་ལས་རིགས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་ས་བབ་ཀྱི་ལེགས་ཆ་དང་མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་ལ་བརྟེན་ནས། ཡུལ་སྐོར་ལས་རིགས་ནུས་ཤུགས་ཡོད་རྒུས་གསར་སྤེལ་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུར་མུ་མཐུད་བསྐྱོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།