དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ནུབ་ཁའི་མཚམས་སྤྲིན་དམར་མདངས་ལྷག་པར་བཀྲ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-21

    དབྱར་དུས་ཀྱི་ཞོགས་པ་སྔ་པོ་ཞིག་གསར་འགོད་པ་སྟག་རྩེ་ཆུས་ཁོངས་གཏོགས་ཀྱི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་སྐྱོད་སྐབས་ཁུ་སིམ་ལྷིང་འཇགས་ཀྱི་རྣམ་པ་ཞིག་མིག་ལམ་དུ་མངོན། ལས་དོན་མི་སྣའི་སྣེ་ཁྲིད་འོག་གསར་འགོད་པས་རྒྱ་ཆེ་ལ་དཀར་ཆ་དོད་པའི་མིག་མངས་ཁང་དང་། ཁ་ཁུ་སིམ་ལ་གཙང་སྦྲ་དོད་པའི་ནུས་མང་བྱེད་སྒོ་ཁང་། ནུས་པ་ཆ་ཚང་བའི་སྨན་བཅོས་ཁང་སོགས་ལ་ལྟ་སྐོར་བྱེད་སྐབས་དེ་གར་མཁྲེགས་ཆས་དང་མཉེན་ཆས་གང་དགོས་ཅི་ཡོད་མཐོང་རྒྱུ་འདུག

    ཞོགས་པ་སྔ་པོ་ནས་ནད་གཡོག་གིས་དབང་པོ་སྐྱོན་ཅན་གྱི་རྒན་རྒོན་ལ་གཙང་སྦྲ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་འདུག ནད་གཡོག་ཟླ་བ་སྒྲོལ་མས་ཆུ་དྲོ་འཇམ་ནང་ཨ་ཅོར་སྦངས་ནས་ཁོ་མོའི་ཉིན་གཅིག་གི་ལས་ཀ་བྱེད་འགོ་ཚུགས། གདོང་འཁྲུ་སྐབས་རྒན་རྒོན་ཁ་ཤས་ལ་ཆུ་ཚ་་ཙམ་དགོས་པ་དང་ཁ་ཤས་ལ་འཕུར་མཉེད་ཤུགས་ཆེ་ཙམ་གཏོང་དགོས་ཀྱི་ཡོད། ནད་གཡོག་གི་ལས་ཀ་ལོ་13བྱས་པའི་ཁོང་གིས་རྒན་རྒོན་ཚང་མའི་དགོས་མཁོ་གསལ་པོར་རྟོགས་ཀྱི་ཡོད། རྒན་རྒོན་ཚོའི་ངོ་གདོང་བཀྲུས་རྗེས་ཟླ་བ་སྒྲོལ་མས་ལས་རོགས་ཚོ་དང་མཉམ་དུ་གཙང་སྦྲ་བྱས་ནས་རྒན་རྒོན་ཚོར་གཙང་ལ་སྐྱིད་སྣང་དོད་པའི་སྡོད་གནས་ཤིག་བསྐྲུན།

    ཟླ་བ་སྒྲོལ་མས་གསར་འགོད་པར“ལྟ་རྟོག་བྱས་ནས་ཡུན་རིང་ཕྱིན་པས་རྒན་རྒོན་ཚོ་དང་ང་ཚོ་ལས་དོན་མི་སྣའི་དབར་བརྩེ་དུང་ཟབ་མོ་ཆགས་ཡོད། ད་ཆ་ལྟེ་གནས་ཀྱི་སྒྲིག་བཀོད་སྒྲིག་ཆས་དང་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་མོད། འོན་ཀྱང་། མི་འགྱུར་བ་ནི་ང་ཚོ་དང་རྒན་རྒོན་ཚོའི་དབར་གྱི་བརྩེ་སེམས་དེ་རེད”ཅེས་བཤད།

    འདི་ལོ་ལོ་80ལ་སླེབས་པའི་བསོད་ནམས་ནི་ཟླ་བ་སྒྲོལ་མས་ལྟ་རྟོག་བྱེད་པའི་རྒན་རྒོན་གྱི་གྲས་ཤིག་རེད། ཁོང་གིས་ད་ཆའི་བདེ་སྐྱིད་འཚོ་བར་བློ་ཡིད་ཧ་ཅང་ཚིམ་པོ་བྱེད་ཅིང“ཏང་དང་སྲིད་གཞུང་གིས་ང་ཚོར་སེམས་ཁུར་དང་ཐུཌ་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་འགོ་ཁྲིད་དང་ལས་དོན་མི་སྣས་ང་ཚོར་ལྟ་རྟོག་ཧ་ཅང་ཡག་པོ་བྱེད་ཀྱི་འདུག་ལ་ང་ཚོར་ཁོར་ཡུག་ཀྱང་ཧ་ཅང་ཡག་པོ་བཏོད་བྱུང”ཞེས་བཤད།

    ལྷ་ས་གྲོང་ཁྱེར་གྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་དེ་གར་བཙུགས་ཡོད་པས་གཅིག་སྡུད་བསྙེན་བཀུར་ཕུད་ལྟེ་གནས་ཀྱིས་ད་དུང་རྒན་རྒོན་ལ་ཉིན་མོའི་ལྟ་སྐྱོང་བྱེད་ཀྱི་ཡོད། ལྟེ་གནས་ནང་མིག་མངས་ཁང་དང་། ལུས་སྦྱོང་ཁང་། ལུས་གསོ་ཁང་། དེ་བཞིན་ཉིན་དགུང་ངལ་གསོ་ཁང་སོགས་བཙུགས་ཡོད་པས། སྟག་རྩེ་ཆུས་དང་ཐ་ན་ལྷ་ས་གྲོང་ཁྱེར་གྱི་འདོད་མོས་ཡོད་པའི་རྒན་རྒོན་ལ་བཟའ་བཏུང་དང་། འཕྲོད་སྦྱོར་དྲག་སྐྱེད། སྤྲོ་གསེང་རོལ་རྩེད་དང་དེ་བཞིན་མི་སྒེར་གྱི་ལྟ་རྟོག་སོགས་ཉིན་མོའི་འཚོ་སྐྱོང་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།

    “ང་ཚོས་སྔ་དགོང་རྒན་རྒོན་སྐྱེལ་བསུ་བྱེད་པ་དང་ཁོང་ཚོར་ལྟོ་དུས་གསུམ་ཀ་སྟེར་གྱི་ཡོད། དགུང་ཟས་ཚར་རྗེས་རྒན་རྒོན་ཚོ་སྒོ་རའི་ནང་འཆམ་འཆམ་བྱེད་ཆོག ང་ཚོ་ནད་གཡོག་6གིས་རྒན་རྒོན་ཚོར་ལྟ་རྟོག་ཡག་པོ་བྱེད་ཀྱི་ཡོད”ཅེས་ལྷ་ས་གྲོང་ཁྱེར་ཉིན་མོའི་ལྟ་རྟོག་ལྟེ་གནས་ཀྱི་ལས་དོན་པ་ཚེ་དབང་པད་སྒྲོན་གྱིས་བཤད།

    “ལོ་14ཡི་རིང་ང་ཚོས་ཁང་པའི་ནང་གི་སྒྲིག་བཀོད་སྒྲིག་ཆས་དང་ཁང་པའི་ཕྱིའི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་ཡོད། གོམ་སྟབས་རྗེས་མར་ང་ཚོས་ཉལ་ཁང་སྒྱུར་བཀོད་དང་སྔོ་འགྱུར་སྒྱུར་བཀོད་ཀྱི་རྣམ་གྲངས་ཡག་པོ་གཉེར་ནས་སེམས་ནུས་ཡོད་རྒུས་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་གྲོང་གསེབ་ཀྱི་རྒན་རྒོན་དེ་བས་མང་བར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པར་བྱས་ནས་ནུབ་ཁའི་མཚམས་སྤྲིན་དམར་མདངས་ལྷག་པར་བཀྲ་བར་བྱེད་ཀྱི་ཡིན”ཞེས་སྟག་རྩེ་ཆུས་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་བློ་བཟང་ཆོས་དར་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།