དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྙན་རོང་རྫོང་ཁྲོ་ཁོག་གྲོང་ཚོའི་གྲོང་མི་བསོད་ནམས་ལྷ་རྒྱལ་གྱིས།

    འབྲི་གཡག་གསོ་ཚགས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-21

    བོད་བྱང་ཐང་གི་ས་མཐོའི་མཚོ་གཞོང་གི་ཐག་རིང་ལུང་ཁུག་ཤང་གྲོང་ཆུང་ཆུང་ཞིག་ཏུ་སེ་ཆེན་ཤང་ཞེས་པ་ཞིག་ཡོད། སྙན་རོང་རྫོང་གི་མི་འབོར་མང་ཤོས་ཀྱི་ཤང་དང་པོ་ཡིན་པ་དང་སྔོན་མ་རྗེས་ལུས་ཀྱི་ཤང་ཞིག་ཡིན་ཞིང་། ཤང་དེས་སྲོལ་རྒྱུན་འབྲོག་ལས་གཙོ་བོར་བྱེད་པ་དང་། འབྲོག་ཟོག་གི་ཐོན་རྫས་ཉུང་ལ་བྲིན་ཚོང་གི་ཐབས་ལམ་དོག་ཁར་འབྲོག་པ་ཚང་མ་ཁ་ཐོར་དུ་གནས་ཡོད། 2016ལོར་ཡིག་ཚགས་དང་གཱ་བཟོས་ནས་དུད་ཚང་དབྱེ་འབྱེད་བྱེད་སྐབས། མི་འབོར་དབུལ་པོས་ཤང་དེ་ཡོངས་ཀྱི་མི་འབོར་བསྡོམས་འབོར་གྱི་33%བཟུང་ཡོད།

    ཁྲོ་ཁོག་གྲོང་ཚོ་ནི་སྙན་རོང་རྫོང་སེ་ཆེན་ཤང་རྩྭ་ཐང་གི་མཐའ་རུ་གནས་པའི་ཐག་རིང་ལུང་ཁུག་གི་འབྲོག་སྡེ་ཞིག་རེད། མི་རབས་ནས་མི་རབས་བར་དེ་གར་འཚོ་བ་སྐྱེལ་མཁན་གྲོང་མི་བསོད་ནམས་ལྷ་རྒྱལ་གྱིས་གྲོང་ཚོའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ལ་དཔང་པོ་བྱེད་ཐུབ།

    ཆུང་དུས་ནས་ཕྱུགས་འཚོ་མྱོང་བའི་ཁོང་གིས“དབྱར་ཁ་ཆར་པ་བབས་སྐབས་གཟུགས་པོ་ཡོངས་རློན་པ་ཆགས་ནས་ཁ་འདར་ཤོར་བ་དང་། དགུན་ཁ་ཁ་བ་བུ་ཡུག་འཚུབ་ནས་ངོ་གདོང་ལ་གྲི་བཙུགས་པར་ལྟར་ན་ཟུག་གཏོང་གི་ཡོད། དེ་བས་སྐྲག་དགོས་པར་དགུན་དུས་སྤྱང་ཀིས་ནོར་ལུག་དང་མི་ལ་རྨུག་པ་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད”ཅེས་ཕྱུགས་འཚོ་སྐབས་ཀྱི་དཀའ་སྡུག་དག་བརྗོད།

    2015ལོར་བསོད་ནམས་ལྷ་རྒྱལ་ཁྲོ་ཁོག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་དང་། ལོ་དེར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་རྒྱག་འགོ་ཚུགས་ཏེ་འབྲོག་ཁུལ་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་2017ལོར་སེ་ཆེན་ཤང་གིས“ཤང་རེར་མཉམ་ལས་ཁང་རེ”བཙུགས་པས། བསོད་ནམས་ལྷ་རྒྱལ་གྱི་ཚགས་ཤ་དང་འོ་མ་བྲིན་ཁ་རྒྱུག་པོ་བྱུང་ནས་འཚོ་བ་དེ་བས་ལེགས་སུ་ཕྱིན།

    གསོ་ཚགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་བསོད་ནམས་ལྷ་རྒྱལ་སེ་ཆེན་ཤང་རྫ་དམར་སྣ་མང་གཉེར་སྐྱོང་མཉམ་ལས་མཉམ་འབྲེལ་ཁང་གི་ལས་འཛིན་པར་བསྐོས་པ་དང་ཟླ་རེར་གླ་ཆ་སྒོར་2000ལེན་རྒྱུ་ཡོད། གླ་ཆ་ལེན་རྒྱུ་ཡོད་པས། བསོད་ནམས་ལྷ་རྒྱལ་གྱིས་ཁྱིམ་སྤྱོད་གློག་ཆས་གསར་པ་ཉོས་པ་མ་ཟད། སྔོ་ཚལ་དང་ཤིང་ཏོག་སྣ་ཚོགས་ཉོས་པ་དང་ཕྲུ་གུར་ཡང་གྱོན་ཆས་གསར་པ་ཉོས། ན་ནིང་ཁྱིམ་ཚང་གི་ལོའི་ཡོང་འབབ་སྒོར་ཁྲི་10ལས་བརྒལ་ཡོད་པ་རེད།

    བསོད་ནམས་ལྷ་རྒྱལ་དང་མཉམ་ལས་ཁང་གི་ཁོངས་མི་གཞན་དག་གི་ཐུན་མོང་འབད་བརྩོན་འོག་སེ་ཆེན་ཤང་རྫ་དམར་སྣ་མང་གཉེར་སྐྱོང་མཉམ་ལས་མཉམ་འབྲེལ་ཁང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད། ད་ཆ་མཉམ་འབྲེལ་ཁང་གིས“ཤང་རེར་མཉམ་ལས་ཁང་རེ+ཡུག་ཁུལ་མཉམ་ལས་ཁང+གྲོང་ཚོ་རེར་མཉམ་ལས་ཁང་རེ+འབྲོག་ར”བཅས་ཀྱི་འཕེལ་རྒྱས་ཀྱི་གྲུབ་ཆ་བཏོད་པ་དང་། འཕེལ་རྒྱས་དང་ཚད་ལྡན་མཉམ་འཛིན་དང་། གྲངས་འབོར་དང་སྤུས་ཚད་གལ་ཆེ་མཉམ་འཛིན་མཐའ་འཁྱོངས། ལས་སྣོན་ཐོན་སྐྱེད་ཀྱི་བརྒྱུད་རིམ་དང་བྲིན་ཚོང་ལ་དོ་དམ་ཚོད་འཛིན་ནན་པོ་བྱེད་པ། ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་བཅས་བྱས་ནས་ས་བབ་མཐོ་ཚད་སྨི་4500ཡན་གྱི་རང་བྱུང་འོ་མ་དང་། ལ་ལ། ཕྱུར་བ། ཞོ་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་གཏོད་པ་དང་སྙན་རོང་གི་འབྲོག་ལས་ཐོན་རྫས་ཀྱི་སྤུས་ཚད་ལ་བརྟེན་ནས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་བས་དཀར་ཆུའི་ཐོན་རྫས་ཀྱི་ལས་སྣོན་ནུས་པ་དང་། སྤུས་ཚད། ཁྲོམ་རའི་འགྲན་རྩོད་བཅས་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད།

    མིག་སྔའི་བར་མཉམ་ལས་རྩ་འཛུགས་ལ་ལག་ཡོད་ཕྱུགས་རིགས་མགོ་གྲངས་2475དང་འཕྲུལ་ཆས་50ལྷག་ཙམ་ཡོད་ལ། ལྷ་སར་ཕྱིར་ཚོང་ཁང་2དང་ལས་སྣོན་ཁང་1དང་། རྫོང་གྲོང་དུ་ཕྱིར་ཚོང་ཁང་1ཤང་དུ་ལས་སྣོན་ཁང་1དང་ཇ་ཁང་1བཅས་བཙུགས་ནས་མཉམ་ལས་ཁང་སྣེ་མང་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བས་ཁྱབ་འགྱེད་སྣེ་ཁྲིད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་མ་ཟད། མང་ཚོགས་དབུལ་པོ་157ལས་ཞུགས་བརྟན་པོ་བྱུང་བ་དང་། ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.5ཟིན་པ། མཉམ་ལས་མཉམ་འབྲེལ་ཁང་གིས་ཐོན་སྐྱེད་ཁོ་ན་བྱེད་པ་ནས་ཐོན་སྐྱེད་ལས་སྣོན་དང་། ཐོན་ཚོང་འཁོར་སྐྱོད་གཞི་གཅིག་ཅན་གྱི་ཕྱོགས་སུ་རྒྱ་སྐྱེད་བཏང་བས་གཞི་ཁྱོན་ཅན་དང་། ཆེད་ལས་ཅན། གཅིག་སྡུད་ཅན་བཅས་ཀྱི་འཕེལ་རྒྱས་ལམ་བུར་སྐྱོད་ཡོད། མཉམ་ལས་མཉམ་འབྲེལ་ཁང་བཙུགས་པ་ནས་བཟུང་ཁྱོན་ཡོང་འབབ་སྒོར་ཁྲི་2168.18ཟིན་ནས་མི་1718ལ་འབབ་འཕར་ཡོང་བར་སྣེ་ཁྲིད་བྱས་ཡོད། མིག་སྔར་རྫ་དམར་སྣ་མང་གཉེར་སྐྱོང་མཉམ་ལས་མཉམ་འབྲེལ་ཁང་དེ་རྫོང་ཡོངས་ཀྱི་མཉམ་ལས་ཁང་ཚད་ལྡན་ཅན་འཕེལ་རྒྱས་ཀྱི་དཔེ་མཚོན་དུ་གྱུར་ཡོད།

    འབྲོག་ལས་ལ་བརྟེན་ནས་འཚོ་བ་ཉིན་བཞིན་ལེགས་སུ་འགྲོ་བའི་བསོད་ནམས་ལྷ་རྒྱལ་ནི་ས་མཐོའི་འབྲོག་པ་ཁྲི་སྟོང་མང་པོ་ཕྱུག་པོར་གྱུར་པའི་བསྡུས་རིས་ཤིག་རེད། བསོད་ནམས་ལྷ་རྒྱལ་གྱིས“ངས་འབྲོག་ལས་ཐོན་སྐྱེད་རྒྱུན་འཁྱོངས་བྱས་པས། ངའི་འཚོ་བ་ལེགས་སུ་ཕྱིན་སོང་། སླད་ཕྱིན་ངས་མུ་མཐུད་འབྲོག་ལས་ལ་གཞོལ་ནས་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་ཡིན་ལ། རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱིས་འབྲོག་ལས་དེ་བས་འཕེལ་རྒྱས་གཏོང་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།