འབྲི་ཆུའི་ཆུ་འགོར་ཡོད་པའི“རང་བྱུང་ཁམས་ཆེ་མོའི་པར་རྒྱག་རུ་ཁག”
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་འབྲི་ཆུའི་ཆུ་འགོར་གནས་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་དེ་ཉིད་ཕུན་སུམ་ཚོགས་པའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཕྱི་ཕྱོགས་སུ་སྐད་གྲགས་ཆོད་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་པར་རིས་དང་བརྙན་ལམ་དེ་དག་ཚང་མ་འབྲོག་པ་དཀྱུས་མ་ལས་གྲུབ་པའི“རང་བྱུང་ཁམས་ཀྱི་པར་རྒྱག་རུ་ཁག”གི་སོར་རྩེ་ལས་ཐོན་པ་ཤ་སྟག་རེད།
ཆུ་དམར་ལེབ་རྫོང་ནི་འབྲི་ཆུའི་ཆུ་འགོའི་རྒྱུད་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4550ཟིན་ཞིང་། མཁའ་རླུང་ནང་གསོ་རླུང་འདུས་ཚད་ཐང་གཤོངས་ཁུལ་གྱི་40%ལས་ཟིན་གྱི་མེད། དུས་ཡུན་རིང་པོའི་ནང་ཆུ་འགོའི་བརྗིད་ཆགས་ཡིད་དུ་འོང་བའི་རི་ཆུ་དང་། རྩ་ཆེ་ལ་དཀོན་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དག་ཕྱི་ཕྱོགས་ཀྱིས་ཤེས་རྟོགས་ཐུབ་ཚད་ཧ་ཅང་ཉུང་ཉུང་ཡིན་ཁར། ས་གནས་དེ་གའི་སྐྱེ་ཁམས་ཀྱི་འགྱུར་ལྡོག་ལ་ཆེད་ལས་ཀྱི་ཟིན་ཐོ་འགོད་མཁན་དེ་བས་མཐོང་དཀོན།
“ཉིན་ལྟར་རང་བྱུང་ཁམས་ཀྱི་ཕང་བར་འཚོ་གཤིས། དུས་ཡུན་རིང་པོ་སོང་ཚེ་ཚང་མར་པར་ལེན་དང་ཟིན་ཐོ་འགོད་པའི་བསམ་ཚུལ་ངང་གིས་སྐྱེས་པ་དང་དུས་མཚུངས་སྐྱེ་ཁམས་བདག་སྐྱོང་བར་སྐོར་གཡེང་བྱེད་སྐབས་ཟིན་ཐོ་འགོད་པའི་དགོས་མཁོ་ཡང་ཡོད། དེ་རིང་བརྒྱབ་པའི་པར་དེ་ལོ་བཅུ་ཕྲག་ཁ་ཤས་སོང་རྗེས་ལོ་རྒྱུས་ཀྱི་དཔང་རྟགས་སུ་གྱུར་ངེས་རེད། ང་ཚོས་མི་དེ་བས་མང་བར་རི་ཆུ་ཀླུང་གསུམ་གྱི་འགྱུར་ལྡོག་བརྗོད་འདོད་ཡོད”ཅེས“རང་བྱུང་ཁམས་ཆེ་མོའི་པར་རྒྱག་རུ་ཁག”གི་རུ་མི་པར་རྒྱག་མཛུབ་ཁྲིད་དགེ་རྒན་འཇམ་དབྱངས་ཚེ་རིང་གིས་བཤད།
2016ལོར“རང་བྱུང་ཁམས་ཆེ་མོའི་པར་རྒྱག་རུ་ཁག”དངོས་སུ་བཙུགས་པ་དང་། རུ་མི་ཚང་མ་ནི་ཆུ་དམར་ལེབ་རྫོང་གི་ཤང་དང་གྲོང་རྡལ་ཁག་གི་འབྲོག་པ་དཀྱུས་མ་དང་སྐྱེ་ཁམས་བདག་སྐྱོང་བ་རེད། རུ་ཁག་ཐོག་མར་འཛུགས་སྐབས་རུ་མི་43ལས་མེད་མོད་ད་ཆ་རུ་མི་བརྒྱ་ལྷག་ཙམ་ཡོད་པ་རེད།
འདི་ལོ་ལོ་55ལ་སླེབས་པའི་དགེ་ལེགས་རྒྱ་མཚོ་ནི་ཆུ་དམར་ལེབ་རྫོང་འབའ་དགོན་ཤང་གཏེར་ཆུ་གྲོང་ཚོ་ནས་ཡིན་པ་དང་གྲོང་ཚོའི་ནང་གི་གཏེར་ཆུ་གཙང་པོ་ཡང་འབྲི་ཆུ་དང་འདྲེས་ནས་རྒྱུག་གི་ཡོད། ཆུང་དུས་ནས་དེ་གར་འཚོ་བ་སྐྱེལ་བའི་དགེ་ལེགས་རྒྱ་མཚོ་འབྲི་ཆུར་བརྩེ་སེམས་ཟབ་མོ་ཡོད། “རང་བྱུང་ཁམས་ཆེ་མོའི་པར་རྒྱག་རུ་ཁག”བཙུགས་མ་ཐག་དགེ་ལེགས་རྒྱ་མཚོས་རང་འགུལ་ངང་དེའི་ནང་ཞུགས་པ་དང་། ད་ཆ་གཏེར་ཆུ་གྲོང་ཚོའི་པར་རྒྱག་རུ་ཁག་གི་འགན་འཁུར་བ་ཞིག་རེད།
དགེ་ལེགས་རྒྱ་མཚོས་དུས་ཡུན་རིང་པོ་འབྲི་ཆུའི་ཆུ་འགོའི་སྲོག་ཆགས་ཀྱི་འཇིག་རྟེན་དུ་སྐོར་གཡེང་དང་པར་རྒྱག་གི་ལས་ལ་གཞོལ། ས་ཆ་གང་ཞིག་དང་དུས་ཚོད་གང་ཞིག་ཏུ་སྲོག་ཆགས་གང་ཞིག་ཐོན་སྲིད་པ་ཁོང་ལ་རྒྱུས་མངའ་ཆེན་པོ་ཡོད་པ་དང་། པར་རྒྱག་པའི་ཆུ་ཚད་ཀྱང་ཇེ་ལེགས་སུ་ཕྱིན་རྗེས་རིམ་བཞིན་ཉེ་འགྲམ་གྱི་ཤང་གྲོང་གི་འབྲོག་པ་དེ་བས་མང་བས་རང་འགུལ་ངང་ཁོང་གི་རྗེས་སུ་འབྲངས་ནས་པར་རྒྱག་སྟངས་སྦྱོང་གི་ཡོད། དེའི་ཁྲོད་ལོ་30མན་གྱི་ན་གཞོན་20ལྷག་ཙམ་ཡོད་པ་རེད།
“ན་གཞོན་མང་པོ་དེ་འདྲ་པར་རྒྱག་དཔུང་ཁག་ནང་ཞུགས་པ་མཐོང་སྐབས་ང་ཧ་ཅང་དགའ་པོ་འདུག ཚང་མས་བྱ་སྤྱོད་སྤེལ་ཚེ་ང་ཚོའི་སྐྱེ་ཁམས་ལ་དོ་ཁུར་དེ་བས་མང་བ་ཐོབ་ནས་ཚང་མས་རང་འགུལ་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ངེས་རེད”ཅེས་དགེ་ལེགས་རྒྱ་མཚོས་བཤད།
“རང་བྱུང་ཁམས་ཆེ་མོའི་པར་རྒྱག་རུ་ཁག”གི་རུ་མི་རྣམས་ཀྱིས་པར་རིས་དང་བརྙན་ལམ་གྱི་ཟིན་ཐོ་བརྒྱུད་འབྲི་ཆུའི་ཆུ་འགོའི་སྐྱེ་ཁམས་ཀྱི་འགྱུར་ལྡོག་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱས་ཡོད།
“ཆུང་དུས་མི་རྒན་པའི་ས་ནས་རི་ཁུལ་དུ་གསའ་ཡོད་པ་ཐོས་མྱོང་ཡོད་མོད། འོན་ཀྱང་སུས་ཀྱང་མཐོང་མྱོང་མེད། ལོ་དེ་དག་རིང་སྐྱེ་ཁམས་ལེགས་སུ་ཕྱིན་པས་པར་རྒྱག་རུ་ཁག་གི་རུ་མི་ཚོས་སྤྱིར་ན་གསའ་མཐོང་མྱོང་ཡོད་པ་དང་རུ་མི་གསུམ་ཆ་གཅིག་གིས་གསའ་པར་རྒྱག་མྱོང་ཡོད། ད་དུང་མིང་མི་ཤེས་པའི་སྲོག་ཆགས་མང་པོ་ཞིག་ཀྱང་པར་ཐེངས་མང་རྒྱག་མྱོང་ཡོད”ཅེས་འཇམ་དབྱངས་ཚེ་རིང་གིས་བཤད།