ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཏ་ཧྲེར་ཀན་ཏིའི་བཙོག་ཆུ་གཙང་གསིང་བཟོ་གྲྭ་བསྐྲུན་ཟིན་པའི་ཐད་དཔྱད་གཏམ་སྤེལ་བ།
ལས་གྲྭ་འདི་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་རོགས་ཟླའི་རྒྱལ་ཁབ་ལ་བདེ་སྐྱིད་བསྐྲུན་པའི་དཔེ་མཚོན་ཞིག་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་བྷང་ག་ལའི་ཏ་ཧྲེར་ཀན་ཏིའི་བཙོག་ཆུ་གཙང་གསིང་བཟོ་གྲྭ་བསྐྲུན་ཟིན་པའི་མཛད་སྒོར་ཚེས་19ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་འདི་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་རོགས་ཟླའི་རྒྱལ་ཁབ་ལ་བདེ་སྐྱིད་བསྐྲུན་པའི་དཔེ་མཚོན་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་སྤུས་ཚད་མཐོ་བའི་མཉམ་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།
ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུར་གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་བྷང་ག་ལའི་དེང་རབས་ཅན་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་ཆེ་གྲས་དང་པོ་ཏ་ཧྲེར་ཀན་ཏིའི་བཙོག་ཆུ་གཙང་གསིང་བཟོ་གྲྭ་བསྐྲུན་ཟིན་པའི་མཛད་སྒོ་འཚོགས་པ་རེད། བྷང་ག་ལའི་ཙུང་ལི་ཧ་ཤིས་ནཱ་སོགས་སྲིད་ཕྱོགས་མི་སྣ་གལ་ཆེན་མཛད་སྒོར་ཞུགས་ཡོད། བྷང་ག་ལ་ཕྱོགས་ཀྱི་སྲིད་ཕྱོགས་མི་སྣ་གལ་ཆེན་གྱིས་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལག་ལེན་བསྟར་ནས་བྷང་ག་ལའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་འགྲོ་བར་རམ་འདེགས་བྱས་ཏེ་ས་གནས་དེ་གའི་དམངས་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་བཏང་བར་གདེང་འཇོག་ཆེན་པོ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
མའོ་ཉིང་གིས་ཏ་ཧྲེར་ཀན་ཏིའི་བཙོག་ཆུ་གཙང་གསིང་བཟོ་གྲྭ་ནི་བྷང་ག་ལའི་དེང་རབས་ཅན་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་ཆེ་གྲས་དང་པོ་དེ་ཡིན་ལ། ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་དུ་ད་བར་བསྐྲུན་པའི་གཞི་གཅིག་ཅན་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་ཆེ་ཤོས་དེའང་རེད། དེས་ཏ་ཁ་གྲོང་ཁྱེར་གྱི་གྲོང་མི་ཁྲི་500ཡི་འཚོ་བའི་བཙོག་ཆུ་གཙང་གསིང་ཐུབ་ནས་ས་གནས་དེ་གའི་དམངས་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་ཤུགས་ཆེན་འགྲོ་སྲིད་ཅེས་བརྗོད་པ་རེད།
མའོ་ཉིང་གིས་འདི་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་རོགས་ཟླའི་རྒྱལ་ཁབ་ལ་བདེ་སྐྱིད་བསྐྲུན་པའི་དཔེ་མཚོན་ཞིག་རེད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་10ཡི་རིང་རོགས་ཟླའི་རྒྱལ་ཁབ་ལ་ལས་གནས་ཁྲི་42བཏོད་ནས་མི་ཁྲི་4000ལྷག་ཙམ་དབུལ་གྲོལ་ཐུབ་ཡོད། འཛམ་གླིང་དངུལ་ཁང་གི་ཞིབ་འཇུག་སྙན་སྒྲོན་ལས་མངོན་པར། 2030ལོར་སླེབས་སྐབས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་དེར་ཞུགས་མཁན་རྒྱལ་ཁབ་ཀྱི་ཚོང་དོན་2.8%ནས་9.7%བར་འཕར་བ་དང་། གོ་ལ་ཧྲིལ་པོའི་ཚོང་དོན་1.7%ནས་6.2%བར་འཕར་བ། གོ་ལ་ཧྲིལ་པོའི་ཡོང་འབབ་0.7%ནས་2.9%བར་འཕར་གྱི་ཡོད་ཅེས་བརྗོད།
མའོ་ཉིང་གིས“ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ‘རྒྱུད་གཅིག་ལམ་གཅིག’གི་སྤུས་ཚད་མཐོ་བའི་མཉམ་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་བྱེད་འདོད་ཡོད”ཅེས་བརྗོད་པ་རེད།