དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གོ་ལ་ཧྲིལ་པོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཀྲུང་གོའི་སྟོབས་ཤུགས་སྐྱེས་སུ་ཕུལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-21

    འདས་ཟིན་པའི་ལོ་བཅུའི་ནང་ཀྲུང་གོར་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཁྱབ་ཁོངས་སུ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་མང་པོའི་དཔོན་རིགས་དང་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཀྲུང་གོས་གོ་ལ་ཧྲིལ་པོའི་སྐྱེ་ཁམས་སྲུང་སྐྱོང་ལ་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་ལ། རྒྱལ་ཁབ་གཞན་ལ་ཕན་པའི་ཉམས་མྱོང་ཡང་མཁོ་འདོན་བྱས་ཡོད་པས་ཕྱོགས་ཁག་གིས་ཀྲུང་གོ་དང་ལྗང་མདོག་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་རེ་སྒུག་ཆེན་པོ་བྱེད་པའི་ངོས་འཛིན་བྱེད་ཀྱི་ཡོད།

    “གྲུབ་འབྲས་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པ”

    “ངས་དངོས་སུ་མཐོང་བའི་ཀྲུང་གོ་དང་ནུབ་ཕྱོགས་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་གཏན་ནས་འདྲ་གི་མི་འདུག ཀྲུང་གོ་མི་དམངས་ཀྱིས་ཁོར་ཡུག་ལ་གཅེས་སྤྲས་དང་ཁོར་ཡུག་བཟང་པོ་ལས་མི་དམངས་ལ་སྐྱིད་སྣང་སྐྲུན་གྱི་ཡོད། ཁོར་ཡུག་ལེགས་སུ་ཕྱིན་པ་ལས་མི་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད”ཅེས་ལྷོ་ཨ་ཧྥེ་རི་ཁའི་གུང་གཞོན་སྡེ་ཚོགས་ཆེད་སྒྲུབ་རྒྱལ་ཡོངས་ཀྱི་ཨུ་ཡོན་སྨི་ཆི་ཡ·མོང་ཆའོ་ཡིས་ཉེ་ཆར་ཀྲུང་གོའི་གྲོང་གསེབ་ཏུ་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་རྗེས་དེ་ལྟར་བརྗོད།

    སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ལམ་ལུགས་སྔོན་ལ་བཏོན་པ་དང་ལག་བསྟར་བྱས་པ་དང་། འཛམ་གླིང་གི་རྒྱལ་ཁབ་སྤྱི་གླིང་མ་ལག་ཆེ་ཤོས་སྐྲུན་པར་སྐུལ་འདེད་བཏང་བ། གོ་ལ་ཧྲིལ་པོའི་ནགས་ཚལ་ཐོན་ཁུངས་འཕར་མང་ཤོས་དང་མི་ཐབས་ནགས་བཟོའི་རྒྱ་ཁྱོན་ཆེ་ཤོས། རླུང་ཁམས་ཆེན་པོའི་སྤུས་ཚད་ལེགས་གཏོང་གི་མྱུར་ཚད་མགྱོགས་ཤོས། འཛམ་གླིང་གི་ཁྱབ་ཁོངས་སུ་སྔོན་ལ་ས་ཞིང་ཞན་འགྱུར“མི་འཕར་བ”མངོན་འགྱུར་བྱུང་བ། གོ་ལ་ཧྲིལ་པོའི“རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར”དུ་བདམས་པའི་གྲངས་འབོར་མང་ཤོས་སོགས་དོན་དངོས་དེ་དག་ལས་ཀྲུང་གོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་ཡུན་རིང་འབད་བརྩོན་བྱས་པའི་བདེན་དཔང་ཐུབ་ཡོད།

    ཨུ་རུ་སུ་ཚན་རིག་ཁང་གི་ཤིས་པོ་ལི་ཡ་ཡན་ལག་ཁང་གི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་གྲང་ངར་རིག་པའི་ཞིབ་འཇུག་སུའོ་ཡི་དབུ་བཞུགས་ཞིབ་འཇུག་པ་དབྱི་ལིན་ནཱ·ཀེ་ལ་ཅི་ལིན་ནཱ་ཡིས། ཞིབ་འཇུག་ཁང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་འོག་ཨུ་རུ་སུ་དང་ཀྲུང་གོའི་མཐའ་སྦྲེལ་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་ཡུན་རིང་དོ་ཁུར་བྱས་ཡོད། ཞིབ་འཇུག་བྱས་འབྲས་ལས་ཀྲུང་གོའི་བྱང་ཤར་ས་ཁུལ་དུ་མུ་ཟི་དབྱང་འགྱུར་རྫས་དང་ཏན་དབྱང་འགྱུར་རྫས་འབུད་ཚད་ཉུང་དུ་གཏོང་བའི་ཐད“ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད”ཅེས་བརྗོད་པ་རེད།

    “ཀྲུང་གོ་ཞུགས་པ་དང་ཕུལ་བའི་ལེགས་སྐྱེས་གལ་འགངས་ཤིན་ཏུ་ཆེ་བ”

    《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་བཅོ་ལྔ་པ་དང《འདམ་རའི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་བཅུ་བཞི་པ་འཚོགས་པ་ནས། གོ་ལ་ཧྲིལ་པོའི་ནུས་རྒྱུ་གཙང་མའི་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་པར་སྐུལ་འདེད་བཏང་བ་དང་གནམ་གཤིས་འགྱུར་ལྡོག་འགོར་དུ་གཏོང་བ་དང་འཚམ་པའི་རྣམ་གྲངས་ཁག་100ལག་བསྟར་བྱེད་འགོ་བཙུགས་པའི་བར་དང་། རྒྱལ་ཁབ་བཅུ་ཕྲག་དང་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”གི་ལྗང་མདོག་འཕེལ་རྒྱས་རོགས་ཟླའི་འབྲེལ་བའི་གྲོས་འགོ་བཏོན་པ་སོགས་ཀྱི་བར་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཧུར་ཐག་ཞུགས་པ་དང་ལྗང་མདོག་ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་བྱས་ཏེ། གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཀྲུང་གོའི་སྟོབས་ཤུགས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་ཡོད།

    མི་རིང་བའི་གོང་འཚོགས་པའི་2023ལོའི་སྐྱེ་ཁམས་ཤེས་དཔལ་ཀུའེ་དབྱང་རྒྱལ་སྤྱིའི་གླེང་སྟེགས་ལ་ཀྲུང་གོར་བཅའ་སྡོད་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་མཐོ་རིམ་བློ་འདྲི་བ་ཧའོ་དབྱི་པའོ·ཐའོ་མ་ཧྲེས“ང་ཚོས་གནམ་གཤིས་ཀྱི་འགྱུར་ལྡོག་དང་དེ་བཞིན་གནམ་གཤིས་ཀྱི་འགྱུར་ལྡོག་གི་འགྲན་སློང་ལ་ཁ་གཏད་ཇི་ལྟར་གཅོག་པའི་ཐད་གྲོས་བསྡུར་བྱེད་སྐབས་ཀྲུང་གོ་ཞུགས་པ་དང་ཕུལ་བའི་ལེགས་སྐྱེས་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད”ཅེས་བརྗོད།

    རི་པིན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཅིའུ་ཧྲན་ཡིའུ་ཅི་ཕུའུ་ཡིས་གླེང་སྟེགས་ལ་བརྙན་ལམ་གཏམ་བཤད་བྱེད་སྐབས། གལ་ཏེ་རྒྱལ་ཁབ་དེ་བས་མང་བས་ཀྲུང་གོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་སྟངས་ལ་སློབ་སྦྱོང་བྱས་ཚེ་མིའི་རིགས་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་སྲིད་ཅེས་བརྗོད།

    ཁེན་ནི་ཡའི་ཅ་ལི་ས་ཅུན་འོད་ཤུགས་གློག་ཁང་ནས་ལྷོ་ཨ་ཧྥེ་རི་ཁའི་ཁའེ་ཕུའུ་ཞིང་ཆེན་ཏེ་ཨ་གྲོང་རྡལ་གྱི་ཏེ་ཨ་རླུང་གློག་རྣམ་གྲངས་བར་དང་། ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པའི་མཛའ་གྲོགས་ཐང་ཆེན་ནས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་མང་པོའི་ཁྲོམ་གཞུང་གི་ནུས་རྒྱུ་གསར་པའི་རླངས་འཁོར་སོགས་བར་ཀྲུང་གོའི་ཁེ་ལས་ཀྱི་རོགས་རམ་འོག་ནུས་རྒྱུ་གཙང་མ་དང་ལྗང་མདོག་འཕེལ་རྒྱས་རྣམ་གྲངས་ཁག་གཅིག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་ཏུ་དོན་འཁྱོལ་ཐུབ་ནས་ས་གནས་དེ་གའི་མཛེས་ལྗོངས་གསར་པ་ཞིག་ཏུ་གྱུར་ཡོད།

    “ཀྲུང་གོའི་ཉམས་མྱོང་ནི་མིའི་རིགས་ཡོངས་ཀྱི་རྒྱུ་ནོར་རེད”

    ཚན་རྩལ་ནི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་མཚོན་ཆ་རྣོན་པོ་ཞིག་ཡིན་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་འདེགས་སྐྱོར་གལ་ཆེན་བྱེད་ཀྱི་ཡོད། ཀྲུང་གོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་བརྒྱུད་རིམ་དུ་ཚན་རྩལ་སྟོབས་ཤུགས་བརྒྱུད་སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཀ་འཕེལ་རྒྱས་བཏང་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དེ་སྔའི་དྲུང་ཆེ་གཞོན་པ་དང་ཁོར་ཡུག་འཆར་འགོད་ཧྲུའི་ལག་བསྟར་ཀྲུའུ་རེན་གཅིག་ལྕོགས་ཨའེ་ལི་ཁེ·སོར་ཧའེ་མུའུ་ཀྲུང་གོར་རྟོག་ཞིབ་བྱེད་པར་ཐེངས་མང་སླེབས་ཡོད། ཁོང་གིས་ལྟ་ཞིབ་བྱས་པར་གཞིགས་ན། ཀྲུང་གོའི་ཁེ་ལས་འཛམ་གླིང་ནུས་རྒྱུའི་ཐོན་ལས་ཀྱི་སྣེ་ཁྲིད་སྟོབས་ཤུགས་སུ་གྱུར་ནས་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་རེ་ཡོད་པ་རེད།

    འདས་ཟིན་པའི་ལོ་བཅུའི་ནང་ཀྲུང་གོས་ཆུ་གློག་དང་། རླུང་གློག འོད་གློག་བཅས་མཚོན་བྱེད་དུ་བྱས་པའི་བསྐྱར་སྐྱེས་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད། 《དུས་རབས་གསར་པའི་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ཀྱི་གྲངས་གཞི་ལས་མངོན་པར། 2011ལོ་ནས་2020ལོ་བར་ཀྲུང་གོའི་ཁོར་ཡུག་ལག་རྩལ་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རེ་འདུན་ཞུ་ཚད་གོ་ལ་ཧྲིལ་པོའི་60%ཙམ་ཟིན་པ་དེ་ནི་གོ་ལ་ཧྲིལ་པོའི་ཁོར་ཡུག་ལག་རྩལ་གསར་གཏོད་ཐད་ཧུར་བརྩོན་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་རེད།

    མིག་སྔར། ཀྲུང་གོས་ནུས་རྒྱུ་ཟད་གྲོན་ཚོད་འཛིན་བྱ་རྒྱུ་དེ་ཐཱན་ཕྱིར་འབུད་ཚོད་འཛིན་བྱེད་པའི་ཕྱོགས་སུ་བསྒྱུར་བར་གཞོལ་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ལྗང་མདོག་ཕྱོགས་སྒྱུར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད། གནམ་གཤིས་འགྱུར་ལྡོག་དང་ལྗང་མདོག་འཕེལ་རྒྱས་དེ་ཀྲུང་གོ་དང་རྒྱལ་སྤྱིའི་མཉམ་ལས་རོགས་ཟླ་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་དངོས་སྒྲུབ་མཉམ་ལས་བྱེད་པའི་ཁྱབ་ཁོངས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ཀྲུང་གོའི་ཞིབ་འཇུག་རོགས་ཟླ་དང་མཉམ་ལས་ལོ་མང་བྱས་པའི་ནོར་ཝེའི་ཡི་ཆུ་ཞིབ་འཇུག་ཁང་གི་ལག་བསྟར་ཡོན་ཀྲང་ཐུར་ཡུང·ལ་སེན་གྱིས་བསྐྱར་སྐྱེས་ནུས་རྒྱུ་དང་ཁོར་ཡུག་ལག་རྩལ་སྣ་ཚོགས་སོགས་ལྗང་མདོག་འཕེལ་རྒྱས་ལ་ཀྲུང་གོ་འཛམ་གླིང་གི་སྔོན་ཐོན་གནས་བབ་ཏུ་གནས་པ་དང་ཀྲུང་གོས་འབྲེལ་ཡོད་ཁྱབ་ཁོངས་སུ་རྒྱལ་སྤྱིའི་མཉམ་ལས་དེ་བས་མང་བ་བྱེད་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།