ཀྲུང་གོའི་འཐུས་ཚབ་ཀྱིས་འབོད་སྐུལ་བྱས་དོན།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཡུག་རེན་གྱི་དུས་བབ་ཇེ་སྡུག་ཏུ་མི་འགྲོ་བ་བྱེད་དགོས།
ཚེས་17ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་གཞོན་པ་ཀེང་ཧྲོང་གིས་ཡུག་རེན་གྱི་གནད་དོན་སྐོར་གྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་སྐབས། ཡུག་རེན་གྱི་ཉམས་ཉེན་ཐོན་པ་ནས་ད་བར་དུས་ཡུན་རིང་བ་དང་། ཁྱབ་རྒྱ་ཆེ་བ། རྙོག་འཛིང་ཆེ་བ་བཅས་ཀྱི་རྣམ་པ་ཐོན་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ནུས་ཤུགས་ཡོད་རྒུས་དུས་བབ་ཇེ་སྡུག་ཏུ་མི་འགྲོ་བ་བྱས་ཏེ། སྔ་ཙམ་དམག་མཚམས་འཇོག་པ་དང་ཆབ་སྲིད་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།
གཅིག་ནས་བར་འདུམ་ལ་བརྟེན་ཏེ་གྲོས་མོལ་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་དགོས། གཡུལ་སའི་དུས་བབ་འགྱུར་ལྡོག་ལས་དམག་དོན་བྱ་ཐབས་ཀྱིས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་ཐབས་མེད་པ་གསལ་བཤད་བྱས་ཡོད། གདོང་ཐུག་ཕྱོགས་གཉིས་པོས་བསམ་བློ་ཕྱོགས་གཅིག་ཏུ་བཏང་སྟེ་ཕན་ཚུན་དོ་ཁུར་གྱི་གནད་དོན་ལ་ལྟ་རྟོག་བྱེད་པ་དང་། ས་ཁུལ་གྱི་དོན་དངོས་དང་མཐུན་པ། མི་མཐུན་པའི་ཆ་སེལ་བར་ཕན་པ་བཅས་ཀྱི་ཐག་གཅོད་ཇུས་གཞིར་གྲོས་བསྡུར་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་དམག་མཚམས་འཇོག་པའི་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་དགོས།
གཉིས་ནས་ཉམས་ཉེན་ཕྱིར་ཁྱབ་པའི་ཤུགས་རྐྱེན་ལ་དོ་དམ་ཚོད་འཛིན་བྱེད་དགོས། ཏོག་གསར་རིམས་ནད་རྗེས་ཀྱི་འཛམ་གླིང་གི་དཔལ་འབྱོར་སླར་གསོ་དཀའ་བ་དང་ཡུག་རེན་གྱི་ཉམས་ཉེན་དང་རྒྱུ་རྐྱེན་གཞན་དག་མཉམ་དུ་གནས་པ་དེས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་རྡབ་རྡེག་ཆེན་པོ་ཕོག་ཡོད། འབྲེལ་ཡོད་རྒྱལ་ཁབ་ཀྱིས་འཕྲལ་མར་ཕྱོགས་རྐྱང་པའི་གང་བྱུང་དུ་བཀག་སྡོམ་དང་ཧམ་ཤེད་ཆེ་བའི་དོ་དམ་བྱེད་མཚམས་བཞག་ནས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བདེ་འཇགས་ངང་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འཛམ་གླིང་དཔལ་འབྱོར་འཕར་བར་ཕན་པའི་བྱ་བ་མང་ཙམ་སྒྲུབ་དགོས།
གསུམ་ནས་མི་ཆོས་ཉམས་ཉེན་ལ་ཁ་གཏད་ཧུར་ཐག་འཇལ་དགོས། གདོང་ཐུག་གི་དོ་བདག་ཕྱོགས་ཀྱིས་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུས་ནས་མི་སེར་གྱི་སྡུག་བསྔལ་ནུས་ཤུགས་ཡོད་རྒུས་ཆུང་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མི་ཆོས་སྒྲིག་གཞིས་མི་ཆོས་རོགས་སྐྱོབ་ཀྱི་རྩ་དོན་སྲུང་བའི་རྨང་གཞིའི་ཐོག་ཉམས་ཉེན་གྱི་ཤུགས་རྐྱེན་ཐེབས་པའི་དམངས་ཚོགས་ལ་མི་ཆོས་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེབས་བྱ་རྒྱུ་ཡིན།
བཞི་ནས་ཉིང་རྡུལ་བདེ་འཇགས་ཀྱི་བདེ་སྲུང་འགན་ལེན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་གདོང་ཐུག་ཕྱོགས་གཉིས་པོས་བཟོད་སྒོམ་ཆེན་པོ་མཐའ་འཁྱོངས་བྱས་ནས《ཉིང་རྡུལ་བདེ་འཇགས་ཀྱི་སྤྱི་ཆིངས》སོགས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་ཞུས་ཏེ་མིས་བཟོས་ཉིང་རྡུལ་ལས་འཛོལ་གཏན་ནས་མི་ཐོན་པ་བྱེད་དགོས་པའི་རེ་འབོད་བྱེད་རྒྱུ་ཡིན།
ཁོང་གིས་ཡུག་རེན་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་དགོས་པའི་འདོད་ཚུལ་ཐོག་མཐའ་བར་གསུམ་དུ་འཛིན་གྱི་ཡོད། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་དམིགས་ཡུལ་དང་རྩ་དོན་ཚང་མར་བརྩི་སྲུང་ཞུ་དགོས་པ་དང་། ཕྱོགས་ཁག་གི་ལུགས་མཐུན་དང་བདེ་འཇགས་ཀྱི་དོ་ཁུར་ལ་མཐོང་ཆེན་བྱེད་དགོས་པ། ཞི་བའི་ངང་ཉམས་ཉེན་སེལ་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་གདོང་ཐུག་གི་དོ་བདག་ཕྱོགས་དང་། འབྲེལ་ཡོད་ཕྱོགས་ཁག་གཞན་དག རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བཅས་དང་འབྲེལ་གཏུག་དམ་ཟབ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་བྱ་ཐབས་ཏན་ཏིག་སྤྱོད་པ་དང་། འདུམ་འགྲིག་ལ་བརྟེན་ནས་གྲོས་མོལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ། མི་ཆོས་ཉམས་ཉེན་ཞི་ལྷོད་དུ་གཏོང་བ། ཕྱིར་ཁྱབ་པའི་ཤུགས་རྐྱེན་ལ་དོ་དམ་ཚོད་འཛིན་བཅས་བྱེད་དགོས་ཞེས་བརྗོད་པ་རེད།