དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འགག་སྒོ་སླར་གསོའི་ཉིན་བྱེད་ཀྱིས། མཐའ་མཚམས་ཡུལ་ལ་བཀྲག་མདངས་བསྣན།

    ———— འགག་སྒོ་སླར་གསོ་བྱུང་རྗེས་ཀྱི་སྐྱིད་གྲོང་གྲོང་རྡལ་གྱི་རྣམ་པ་གསར་པར་ལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གསར་འགོད་པ། ཕུན་ཚོགས་ཉི་སྒྲོན། རྣམ་གླིང་རིན་ཆེན། ཚེ་རིང་གཡུ་སྒྲོན།   |     སྤེལ་དུས།  2023-07-20

    འདི་ནི་སྐྱིད་གྲོང་གྲོང་རྡལ་གྱི་རྣམ་པ་ཡིན་པ།

    འདི་ནི་རི་སོ་ནེ་པ་ལའི་ཚོང་ཁང་གི་ལས་མི་སྤེན་པ་སྒྲོལ་མས་དྲ་ཐོག་གི་ཐད་གཏོང་ཁང་ནས་ཅ་ལག་འཚོང་བཞིན་པ།

    འདི་ནི་རི་སོ་ནེ་པ་ལའི་ཚོང་ཁང་གི་སྦྱིན་བདག་ཨུ་རྒྱན་གྱིས་ཚོང་ཟོག་འོས་སྦྱོར་བྱེད་བཞིན་པ།

    འདི་ནི་སྐྱིད་གྲོང་གྲོང་རྡལ་གྱི་ཁྲོམ་གཞུང་གི་ཟུར་ཞིག་ཡིན་པ།

    འདི་ནི་ནེ་པ་ལའི་ཟོག་འདྲེན་རླངས་འཁོར་ཡིན་པ།

    རི་བོ་ཧི་མ་ལ་ཡའི་ལྷོ་རྒྱུད་དུ་གནས་པའི་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་གྲོང་རྡལ་ནི་ནེ་པ་ལའི་མཐའ་མཚམས་དང་བར་ཐག་སྤྱི་ལེ་23.5ལས་མེད་ཅིང་། དེ་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོ་དང་ནེ་པ་ལའི་དབར་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་སྤེལ་རེས་བྱེད་སའི་གནས་གལ་ཆེན་ཞིག་རེད། 2023ལོའི་ཟླ་4ཚེས་1ཉིན་སྐྱིད་གྲོང་འགག་སྒོ་སླར་གསོ་བྱུང་རྗེས། མི་ཡུལ་གྱི་སུམ་རྩེན་གཉིས་པ་དང་བོད་ཀྱི་སྦས་ཡུལ་མཐའ་མར་གྲགས་པའི་རོང་ཤུར་དེར་སླར་ཡང་ཚོང་ལས་དང་ཡུལ་སྐོར་ལས་རིགས་ཤུགས་ཆེན་དར་ཏེ། གང་ས་ཅི་ཐད་ནས་འཁྲུག་ཆ་དོད་པའི་རྣམ་པ་བཟང་པོ་ཞིག་མངོན་བཞིན་མཆིས།

    མཐའ་མཚམས་སྐྱོ་པོ་རེད་ཅེས་མ་གསུངས་ཤིག སྦས་ཡུལ་སྐྱིད་གྲོང་སྐྱ་ནམ་གཞན་ལས་རྒྱས། བསིལ་དྲོད་སྙོམས་པའི་ས་སྲོས་སུ་དམར་མདངས་བཀྲ་བའི་དགོང་ཁའི་མཚམས་སྤྲིན་དང་བསྡོངས་ནས་མཐའ་མཚམས་ཀྱི་གྲོང་རྡལ་ཆུང་ངུ་དེར་འཆམ་འཆམ་དུ་བསྐྱོད། ཁྲོམ་གཞུང་གི་ཕྱོགས་གང་སར་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་འཚང་ཁ་ཤིག་ཤིག་བྱེད་ཅིང་། ལ་ལས་བཟོ་ལྟ་དཔེ་གསར་ཅན་གྱི་གྱོན་གོས་ཉོ་བ་དང་། ལ་ལས་ཡུལ་དེ་གའི་ལྟ་ན་སྡུག་པའི་མཛེས་ལྗོངས་ལ་པར་བརྒྱབ་ནས་ནང་མི་སྤུན་མཆེད་དང་དགའ་ཉེ་བློ་དཀར་གྱི་ཚོགས་ལ་སྐུར་བཞིན་འདུག ཁྲོམ་ལམ་དང་ཚོང་ཁང་ཁག་ཏུ་མི་ཧ་ཅང་མང་བས། ཚོང་དཔོན་དག་ལ་ཧ་ལམ་དལ་ཁོམ་ཅུང་ཟད་ཀྱང་མེད་པ་ལྟར། བང་ཁྲིའི་སྒང་གི་ཚོང་ཟོག་སྒྲིག་སྐྱོར་རྒྱག་པའམ་ཡང་མིན་ན་མགོ་བོར་མེ་ཤོར་ཡང་འཕུར་ལོང་མེད་པའི་ངང་ནས་སྐུ་མགྲོན་ལ་སྣེ་ལེན་ཞུ་བཞིན་གདའ།

    སྐྱིད་གྲོང་འགག་སྒོ་སླར་གསོ་བྱུང་བ་དེས་ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་ཚོང་དོན་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་། ཡུལ་དེ་གའི་ཚོང་ལས་འཕེལ་རྒྱས་ལ་སྔར་འབྱུང་མི་མྱོང་བའི་གོ་སྐབས་གང་མང་བསྩལ་ཡོད། ནེ་པ་ལའི་ཚོང་དཔོན་ཨུ་རྒྱན་ནི་ཚོང་གཉེར་བ་མང་པོའི་ཁྲོད་ནས་ཚབ་མཚོན་རང་བཞིན་ལྟ་བུ་ཞིག་ཡིན་ཞིང་། ཁོང་གིས་སྐྱིད་གྲོང་གྲོང་རྡལ་དུ་ཁང་གླ་གླས་ནས་རི་སོ་ནེ་པ་ལའི་ཚོང་ཁང་ཞེས་པ་ཞིག་བཙུགས་ཤིང་། རྒྱུན་དུ་གཙོ་བོ་ནེ་པ་ལའི་གྱོན་གོས་དང་། ཟས་རིགས། རྒྱུན་མཁོའི་འཚོ་བའི་མཁོ་ཆས་སོགས་འཚོང་གི་ཡོད། ཚོང་ཁང་དུ་ཚོང་ཟོག་སྣ་མང་ཕུན་སུམ་ཚོགས་པ་དང་། གོང་ཚད་ཀྱང་ལྟོས་བཅས་ཀྱིས་ཁེ་པོ་ཡོད་ལ། ཚོང་དཔོན་ཨུ་རྒྱན་གྱིས་ནེ་པ་ལའི་སྐད་དང་། བོད་སྐད། རྒྱ་སྐད། དབྱིན་སྐད་བཅས་ཤེས་སྟབས། རྒྱལ་ཁབ་མི་གཅིག་པའི་ཡུལ་སྐོར་བ་མང་པོ་ཞིག་མ་གྲོས་གཅིག་མཐུན་ངང་ཁོང་གི་ཚོང་ཁང་དུ་ཉོ་ཆ་རྒྱག་པར་ཡོང་གི་ཡོད་པས། ཁོང་གི་ཚོང་ཟོག་གི་བྲིན་ཁ་ཧ་ཅང་རྒྱུག་ཅིང་། ཡོང་འབབ་ཀྱང་སྔོན་ཆད་ནེ་པ་ལར་གླ་པར་སྐྱོད་དུས་དང་བསྡུར་ན་གནམ་སའི་ཁྱད་པར་ཆོད་ཡོད།

    ཨུ་རྒྱན་སྐྱིད་གྲོང་གྲོང་རྡལ་དུ་ཚོང་ལས་གཉེར་ནས་ད་བར་ལོ10འགྲོ་གི་ཡོད་ཅིང་། ནམ་རྒྱུན་ཁོང་གིས་ཚོང་ཁང་དུ་ཚོང་ལས་གཉེར་བ་དང་། བཟའ་ཟླས་ཕྱོགས་ལ་ཐོན་ཏེ་སྐྱེས་པ་ཁྱོ་ག་ཞིག་དང་འདྲ་བར་རླངས་འཁོར་བཏང་ནས་སྐྱིད་གྲོང་དང་ནེ་པ་ལའི་དབར་ཚོང་ཟོག་དབོར་འདྲེན་གྱི་འགན་འཁུར་གྱི་ཡོད། ཨུ་རྒྱན་གྱིས། “དེ་སྔ་ནེ་པ་ལ་ནས་ཀྲུང་གོར་ཚོང་ཟོག་དབོར་དུས་དཔུང་པ་དང་སྒལ་པར་བརྟེན་ནས་དབོར་དགོས་པ་མ་ཟད། ལམ་བར་དུ་ཉིན་2ཙམ་འགོར་གྱི་ཡོད། ད་ཆ་སྐྱིད་གྲོང་གྲོང་རྡལ་ནས་ནེ་པ་ལའི་བར་སྣུམ་གནག་གཞུང་ལམ་བཏིངས་ཡོད་པས། འགག་སྒོ་ནས་ཚོང་ཟོག་དབོར་བར་ཆུ་ཚོད་ཁ་ཤས་ལས་འགོར་གྱི་མེད”ཅེས་བཤད། ཁོང་གིས། “ལོ་ཤས་གོང་སྐྱིད་གྲོང་གྲོང་རྡལ་དུ་ཟ་ཁང་དང་ཚོང་ཁང་10ལྷག་ཙམ་ལས་མེད། ད་ཆ་འགག་སྒོ་སྒྲོལ་བར་སྟབས་བདེ་པོ་ཡོད་པས། ནེ་པ་ལའི་མི་མང་པོ་ཞིག་འདིར་ཡོང་ནས་ཚོང་ཁང་དང་ཟ་ཁང་བཙུགས་སྟབས། ཟ་ཁང་དང་ཚོང་ཁང་གི་གྲངས་འབོར་ཡང་སྔོན་མ་དང་བསྡུར་ན་ལྡབ་3ལྷག་ཙམ་མང་དུ་ཕྱིན་ཡོད”ཅེས་བརྗོད།

    སྐྱིད་གྲོང་གྲོང་རྡལ་དུ་ཡུལ་སྐོར་ལས་རིགས་དང་ཞབས་འདེགས་ལས་རིགས་རིམ་པས་སླར་གསོ་བྱུང་བས། རྫི་རྣོ་བའི་ཚོང་པ་དག་གིས་ཚོང་ཟོག་གི་གོང་ཚད་ཕྱེད་ཀ་གཅོག་པའི་ཐབས་ལ་བརྟེན་ནས་སྐུ་མགྲོན་གྱི་ཡིད་དབང་འགུགས་བཞིན་ཡོད། ཨུ་རྒྱན་གྱིས་གོམ་པ་གང་སྔོན་ལ་སྤོས་ནས་ཚོང་ཟོག་གི་རིན་གོང་ཕྱེད་ཀ་བཅག་སྟེ་འཚོང་བ་མ་ཟད། ད་དུང་སྤུས་ཚད་ལ་འགན་ལེན་ཧུར་ཐག་བྱེད་ཀྱི་ཡོད་པས། ཡུལ་སྐོར་བ་མང་པོས་ཁོང་གི་ས་ནས་ཅ་ལག་ཉོ་བར་དགའ་པོ་བྱེད་ཀྱི་ཡོད། ད་ཆ་ཁོང་ལ་ལོ་གཅིག་གི་ཁང་གླ་སྒོར་ཁྲི་16ཕུད་ན་ཡོང་འབབ་ཁེ་གཙང་སྒོར་ཁྲི་20ཙམ་ཡོང་གི་ཡོད་ཅིང་། གཞན་ཡང་ཨུ་རྒྱན་གྱིས་ཁྲོམ་རའི་དགོས་མཁོ་དང་བསྟུན་ནས། དུས་ཚིགས་རེར་དར་སོ་ཆེ་བའི་གྱོན་ཆས་ཀྱི་བཟོ་ལྟ་དཔེ་གསར་ཇུས་བཀོད་བྱས་ནས་ནེ་པ་ལའི་བཟོ་གྲྭར་ཐོན་སྐྱེད་བྱེད་པར་སྐྱེལ་བ་དང་། ཁོང་གི་བཟའ་ཟླས་གོ་སྐབས་དམ་འཛིན་གྱིས་ནེ་པ་ལར་བསྐྱོད་དེ་ཡུལ་སྐོར་བས་དགའ་པོ་བྱེད་པའི་ཞོར་ཟས་དང་། རྒྱུན་སྤྱོད་མཁོ་ཆས། གྱོན་གོས། རྒྱན་ཆ། ལག་ཤེས་ཐོན་རྫས་སོགས་དུས་ཐོག་ཏུ་ནང་འདྲེན་བྱེད་ཀྱི་ཡོད། གླེང་རིན་ཡོད་པ་ཞིག་ལ། འགག་སྒོ་སླར་གསོ་བྱུང་རྗེས་དངོས་ཟོག་གི་དབོར་གླ་ཡང་ཕྱེད་ཀ་ཏག་ཏག་ཆག་ཡོད་པས། བཟང་པོའི་ཞོར་ལ་ཇ་ཆང་གི་དཔེ་ལྟར། ཨུ་རྒྱན་དང་འདྲ་བའི་ཚོང་པ་རྣམས་ལ་འགྲོ་སོང་མང་པོ་ཞིག་གྲོན་ཆུང་ཐུབ་ཡོད། ཟླ་རྗེས་མར་ཨུ་རྒྱན་གྱིས་ད་དུང་སྐྱིད་གྲོང་གྲོང་རྡལ་དུ་ནེ་པ་ལའི་ཟ་ཁང་ཞིག་བཙུགས་ནས་ཕ་ཡུལ་གྱི་ལྷད་མེད་ཞིམ་ཟས་མི་དེ་བས་མང་བར་བྲོ་བ་མྱོང་དུ་འཇུག་པའི་འཆར་གཞི་འདུག

    ཨུ་རྒྱན་གྱིས་སྲོལ་རྒྱུན་གྱི་ཚོང་གཉེར་བྱེད་སྟངས་ཕུད། ད་དུང་རང་ཉིད་ཀྱི་སྔོན་ཆད་ཀྱི་བསམ་བློ་རྙིང་པར་སྒྱུར་བཅོས་མཐར་ཕྱིན་པ་བཏང་སྟེ། ས་གནས་དེ་གའི་ཁྱུག་དབྱིངས་ཐད་གཏོང་བ་སྤེན་པ་སྒྲོལ་མ་ལས་མིར་གླས་ནས། དྲ་ཐོག་ནས་ཚོང་གཉེར་བྱེད་པའི་ལམ་བུ་གསར་པ་ཞིག་བཏོད་ཡོད།

    སྤེན་པ་སྒྲོལ་མའི་ཁྱིམ་དུ་ནང་མི་7ཡོད་པ་དང་2015ལོར་སློབ་འབྲིང་ཐོན་རྗེས་ཕ་ཡུལ་སྐྱིད་གྲོང་དུ་ལོག་ནས་གྱོན་ཆས་ཚོང་ཁང་ཆུང་ཆུང་ཞིག་བཙུགས་པ་དང་། ནམ་ནམ་ཞར་ཞར་ལ་ཁྱུག་དབྱིངས་ནས་ཐད་གཏོང་བྱེད་སྟངས་སྐོར་གྱི་ཤེས་བྱ་མང་པོ་སྦྱངས་ཏེ་ཁོང་དུ་ཆུད་མཚམས། བློ་ཁོག་ཆེན་པོས་ཚོང་ཁང་དུ་ཐད་གཏོང་ཚོད་ལྟ་བྱས་ནས་ཚོང་འཚོང་གི་ཡོད། སྤེན་པ་སྒྲོལ་མས། “རང་ཉིད་ནི་ཕྲུ་གུའི་རྒན་མགོ་ཡིན་པས་ཕ་མ་གཉིས་པོས་སྔ་ཙམ་མནའ་མར་སྟེར་རྩིས་བྱེད་ཀྱི་ཡོད་མོད། འོན་ཀྱང་ང་རང་མི་ཚེ་ཧྲིལ་པོ་ཞིང་ལས་བྱས་ནས་སྡོད་འདོད་མེད་པས། ཨ་ན་ཨུ་ཚུགས་ཀྱིས་ཁྱིམ་ནས་ཐོན་ཏེ་ཕྱིར་ལས་ཀ་འཚོལ་བར་ཕྱིན་པ་ཡིན”ཅེས་བཤད།

    སྤེན་པ་སྒྲོལ་མས་རང་ཉིད་ཀྱི་ཉམ་ཐག་པའི་ལས་དབང་ལ་ཁ་ལོ་སྒྱུར་ཆེད། སེམས་ཆུང་ཡ་རབས་སྒོས་ཧུར་ཐག་འབད་ཐག་གིས་ལས་ཀ་བྱེད་པ་དང་། ཁོམ་པ་ཡོད་དུས་ཚོང་ལས་དང་འབྲེལ་བའི་དཔེ་དེབ་དང་བརྙན་ཐུང་མང་པོ་བལྟས་ནས་རང་ཉིད་ཀྱི་ཤེས་བྱ་ཡོན་ཏན་མཐོ་རུ་བཏང་བས། ད་ཆ་ཁོང་ཡང་ཁྱུག་དབྱིངས་སུ་ཕན་གཟིགས་4000ལྷག་ཙམ་ཡོད་པའི་ཐད་གཏོང་བ་ཞིག་ཏུ་གྱུར། ཁོང་གིས་དགོང་ལྟར་ཆུ་ཚོད་བརྒྱད་པ་ནས་འགོ་བཙུགས་ཏེ་ཉིན་གཅིག་ལ་ཆ་སྙོམས་ཆུ་ཚོད་གསུམ་ཙམ་ཐད་གཏོང་བྱས་ནས་ཅ་ལག་འཚོང་གི་ཡོད། ཁོང་གིས། “རང་ཉིད་ཀྱི་རིག་གནས་ཆུ་ཚད་ཞན་པ་མ་ཟད་ཁ་དེ་ཙམ་ཤང་པོ་མེད་སྟབས། དང་པོ་ཐད་གཏོང་བྱེད་དུས་ཉིན་གཅིག་ལ་ཡོང་འབབ་མང་ཤོས་སྒོར་བརྒྱ་ཉིས་བརྒྱ་ལས་རག་གི་མེད། སྐབས་དེ་དུས་སེམས་ལ་དངངས་སྐྲག་ཆེན་པོ་ལང་མྱོང་། དེས་ན་ལས་ཀ་གྲོལ་མ་ཐག་ལམ་སེང་ཁྱིམ་དུ་ལོག་ནས་ཤེལ་སྒོའི་མདུན་དུ་ལངས་ཏེ་ལུས་ཀྱི་ཉམས་འགྱུར་དང་སྐད་ཆ་ཤོད་སྟངས་སོགས་སྦྱོང་བརྡར་བྱེད་ཀྱི་ཡོད”ཅེས་བཤད།

    ད་ཆ་སྤེན་པ་སྒྲོལ་མར་ཐད་གཏོང་གི་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་པ་དང་། རང་ཉིད་ལ་ཡིད་ཆེས་དང་སྤོབས་པས་ཁེངས་ཤིང་། ཅ་ལག་གམ་ཐོན་རྫས་ག་གེ་མོ་ཞིག་ངོ་སྤྲོད་བྱེད་དུས་ཀྱང་རྒྱ་སྐད་ནས་འཁོན་འཁོན་ཐོགས་ཐོགས་མེད་པར་ཆུ་རྒྱུག་རྒྱུག་ཤོད་ཐུབ་ཀྱི་ཡོད་ལ། དྲ་ཐོག་གི་ཐད་གཏོང་བརྒྱུད། ཉིན་གཅིག་ལ་སྒོར་བཞི་སྟོང་ལས་མི་ཉུང་བའི་དངོས་ཟོག་འཚོང་ཐུབ་པ་དང་། བྲིན་ཁ་རྒྱུག་དུས་སྒོར་ཆིག་ཁྲི་ཡན་གྱི་ཅ་ལག་འཚོང་ཐུབ་ཀྱི་ཡོད་སྟབས། ཁོང་གི་ཟླ་རེའི་ཡོང་འབབ་ཀྱང་སྒོར་ཁྲི་2ལྷག་ཙམ་ཟིན་གྱི་ཡོད།

    ལོ་འདི་དག་རིང་སྤེན་པ་སྒྲོལ་མས་ཟ་མཁས་འཐུང་མཁས་ཀྱིས་སྒོར་ཙག་མན་ཆད་ནས་བསགས་ཏེ་ཕ་མ་གཉིས་ལ་སྐུར་གྱི་ཡོད་ལ། ད་དུང་མུ་མཐུད་ཡར་རྒྱས་དོན་གཉེར་དང་འཚོང་རྒྱག་པར་སྟབས་བདེ་བསྐྲུན་ཆེད་རང་ཉིད་ལ་ལག་རྟགས་ཀྱི་ཚུལ་དུ་འཇིབ་ཆུང་ཞིག་ཀྱང་ཉོས་འདུག སྤེན་པ་སྒྲོལ་མས་ཡིད་ཆེས་ཆེན་པོས། “འགག་སྒོ་སླར་གསོ་བྱུང་རྗེས། ནང་འདྲེན་ཚོང་ཟོག་མང་དུ་ཕྱིན་པ་དང་ཚོང་ཡང་བྲིན་ཁ་ཧ་ཅང་རྒྱུག་པོ་འདུག ཕྱིས་འབྱུང་ངས་སྐྱིད་གྲོང་གྲོང་རྡལ་གྱི་མཐའ་མཚམས་ཉོ་ཚོང་ཁྲོམ་རར་ནེ་པ་ལའི་གྱོན་ཆས་ཚོང་ཁང་བཙུགས་ནས། ཚོང་ཁང་དང་དྲ་ཐོག་ཏུ་ཚོང་རྒྱག་པའི་ཚོང་གཉེར་བྱེད་སྟངས་སྤྱད་དེ། རྒྱ་ཆེའི་འཛད་སྤྱོད་པར་དེ་བས་ཡག་པའི་ཞབས་འདེགས་ཞུ་བ་དང་དེ་བས་བློས་འགེལ་ཆོག་པའི་སྤུས་ཚད་འགན་ལེན་བྱེད་ཀྱི་ཡིན”ཞེས་བརྗོད།

    “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་སྐུལ་འདེད་འོག ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་དབར་གྱི་དཔལ་འབྱོར་ཚོང་དོན་དང་། ཡུལ་སྐོར། རིག་གནས་སོགས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས། སྐྱིད་གྲོང་འགག་སྒོའི་མཐའ་མཚམས་ཚོང་རའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། འགག་སྒོའི་དཔལ་འབྱོར་སྤེལ་རེས་ཉིན་བཞིན་མང་དུ་ཕྱིན་ཡོད། སྐྱིད་གྲོང་རྫོང་མཐའ་མཚམས་ཉོ་ཚོང་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ལི་ཁྲའོ་ཧྭ་ཡིས། “སྐྱིད་གྲོང་འགག་སྒོར་ཕྱོགས་གཉིས་པོའི་མི་འགྲོ་འོང་སླར་གསོ་བྱུང་རྗེས། ཆ་སྙོམས་ཟླ་རེར་ཕྱིར་གཏོང་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་5ཟིན་པ་དང་། ནང་འདྲེན་ཉོ་ཚོང་དངུལ་འབོར་སྒོར་ཁྲི་500ཟིན་ཡོད”ཅེས་བཤད།

    ཨུ་རྒྱན་དང་སྤེན་པ་སྒྲོལ་མའི་ཚོང་ལས་ལ་ཐོབ་པའི་གྲུབ་འབྲས་ནི་སྐྱིད་གྲོང་འགག་སྒོར་མི་འགྲོ་འོང་སླར་གསོ་བྱས་ཚུན་དཔལ་འབྱོར་སླར་གསོ་བྱུང་བའི་མཚོན་ཚུལ་ཞིག་རེད། ཁང་བཟང་གསར་པ་དང་། ལྟ་ན་སྡུག་པའི་ཡུལ་ལྗོངས། ཕར་འགྲོ་ཚུར་འོང་གི་རྒྱུན་ཆད་མེད་པའི་མི་ཚོགས་ཀྱིས་སྐྱིད་གྲོང་ལ་གསོན་ཤུགས་གསར་པ་དང་སྐྱེ་སྟོབས་གསར་པ་ཞིག་སྦྱིན་བཞིན་ཡོད་པས། འབྱུང་འགྱུར་གྱི་སྐྱིད་གྲོང་གྲོང་རྡལ་དེ་བས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཏུ་འགྱུར་བ་སྨོས་མི་དགོས་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།