དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཇའི་རིག་གནས་སྤེལ་རེས་བྱས་ནས་ཀྲུང་ཨུ་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་བཏང་བ།

    2023ལོའི་མོ་སི་ཁོའི་ཇའི་ལས་རིགས་ཀྱི་དངོས་མང་སྟོན་ཚོགས་སྐོར་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-19

     འདི་ནི་ཟླ་7ཚེས་14ཉིན་ལྟ་སྐོར་བས་ཨུ་རུ་སུའི་མོ་སི་ཁོའི་ཇའི་ལས་རིགས་ཀྱི་དངོས་མང་སྟོན་ཚོགས་ཐོག་ཇའི་བྲོ་བ་ལྟ་བཞིན་པ།

    “ཇའི་ཐོན་ཁུངས་ཀྲུང་གོ་ཡིན། རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་ཟབ་ཏུ་ཕྱིན་པ་དང་སྦྲགས། ཨུ་རུ་སུ་བ་སྔར་བས་མང་བས་ཀྲུང་གོའི་ཇ་ལ་དགའ་པོ་བྱེད་པ་མ་ཟད། ཀྲུང་གོའི་ཇའི་རིག་གནས་ལའང་དོ་སྣང་བྱེད་ཀྱི་ཡོད”2023ལོའི་མོ་སི་ཁོའི་ཇའི་ལས་རིགས་ཀྱི་དངོས་མང་སྟོན་ཚོགས་ཐོག་ཨུ་རུ་སུའི་ཉེ་ཐེ་ཁ་ཇ་ཁང་འཛུགས་མཁན་ཨན་ཏེ་ལེ·ཁོར་པ་ཤིན་ནུའོ་ཧྥུའུ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་དེ་ལྟར་བརྗོད།

    ཉིན་ཤས་གོང་2023ལོའི་མོ་སི་ཁོའི་ཇའི་ལས་རིགས་ཀྱི་དངོས་མང་སྟོན་ཚོགས་ཨུ་རུ་སུའི་འགྲེམས་སྟོན་ལྟེ་གནས་སུ་འཚོགས་པ་དང་། ཀྲུང་གོ་དང་ཨུ་རུ་སུའི་ཇའི་ཁེ་ལས་50ལྷག་ཙམ་ཞུགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ནང་གཙོ་བོ་ཇ་ལོ་དང་། ལས་སྣོན་བསྐྱར་མ་བྱས་པའི་ཇ། ཇ་ཆས། ཇའི་བཟའ་བཅའ་སོགས་འགྲེམས་སྟོན་བྱས་པ་མ་ཟད། ད་དུང་ཆེད་དོན་འཆད་ཁྲིད་དང་། རིག་གནས་འགྲེམས་འཁྲབ། ས་གནས་ས་ཐོག་ཏུ་ཇའི་བྲོ་བ་ལྟ་བ་སོགས་བརྒྱུད། ཀྲུང་གོའི་ཇའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་ནས། ཀྲུང་ཨུའི་ཇའི་རིག་གནས་སྤེལ་རེས་ལ་སྐུལ་མ་ཐེབས་ཏེ་ཀྲུང་གོའི་ཇའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།

    བྱེད་སྒོ་སྤེལ་རིང་། ལྟ་སྐོར་བ་ཚོས་ཇ་ཝུའུ་ལུང་དང་། པ་ཏི། ཇ་ལྗང་སོགས་རིགས་ཁག་གི་ཇའི་སྣ་ཁ་དབྱེ་འབྱེད་དང་བཟོ་བའི་བརྒྱུད་རིམ་ལ་ཤེས་རྟོགས་བྱས་པ་རེད།

    ཨུ་རུ་སུའི་གྲགས་ཅན་ཇའི་ཁེ་ལས་Moychaiའགྲེམས་སྟེགས་ཐོག་ཇའི་བྲོ་བ་ལྟ་མཁན་གྱི་རྒྱུན་ཆད་རྒྱུ་མེད་ཅིང་། སྣེ་ལེན་ཞུ་མཁན་འགན་འཁུར་བ་མཱ་ཁེ་ཤིས་མུའུ་ཡིས། “ང་ཚོས་ཀྲུང་གོའི་ཇ་ལོ་བདམས་ནས་གཞི་རྐང་གི་ཇར་བརྩིས་པ་དང་། ཨུ་རུ་སུའི་རྩྭ་རིགས་སྐྱེ་དངོས་སྦྱོར་རྟ་བྱས་ནས་གསར་གཏོད་བྱས་ཏེ་ཨུ་རུ་སུའི་དམངས་ཚོགས་ཀྱི་དགའ་པོ་བྱེད་པའི་བྲོ་བ་དང་འཚམ་པ་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    ཁོར་པ་ཤིན་ནུའོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཀྲུང་གོ་གང་ཡིན་རུང་། ཇའི་རིག་གནས་ཀྱིས་མི་དང་མིའི་དབར་གྱི་འབྲེལ་བར་སྣང་ཆེན་བྱེད་པ་དེ་ནི་ཧ་ཅང་གལ་ཆེན་པོ་རེད། “ང་ཚོའི་སྐད་རིགས་དང་། སྡོད་སའི་གྲོང་ཁྱེར། བཟའ་བཅའ་བཅས་མི་འདྲ་རུང་། ང་ཚོ་ཚང་མ་ཇ་འཐུང་བར་དགའ་པོ་ཡོད་པས་ང་ཚོའི་དབར་གྱི་འབྲེལ་བ་ཟབ་ཏུ་འགྲོ་རྒྱུར་རྨང་གཞི་བཏིང་ཡོད”ཅེས་བརྗོད།

    “ཀྲུང་གོའི་ཇ་ཨུ་རུ་སུར་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ལྡན་པ་དང་། ཨུ་རུ་སུའི་ས་གནས་ཁག་ཏུ་ཇ་ཤིང་བཏབ་རུང་། ཇ་ལོ་ཡག་ཤོས་དེ་ཀྲུང་གོ་ནས་འདྲེན་གྱི་ཡོད་པ་སྨོས་མེད་རེད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོར་རང་ཉིད་ཀྱི་ཇའི་རིག་གནས་ཡོད་པས་ཐུན་མོང་གི་གླེང་གཞི་འཚོལ་བ་དང་ཇའི་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་བྱ་རྒྱུར་སྐུལ་འདེད་དང་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ཁོར་པ་ཤིན་ནུའོ་ཧྥུའུ་ཡིས་བརྗོད།

    (ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།