མཚོ་སྐོར་འགྲན་བསྡུར་ལས་ས་མཐོའི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་མངོན་པ།
ལོ་བརྒྱད་ཅུར་སླེབས་པའི་ཐུའུ་རིགས་ཀྱི་རྒད་པོ་ལུའེ་ཡིའུ་རུང་གིས་མཚོ་སྐོར་རྐང་འཁོར་རུ་ཁག་བྱ་འཕུར་བ་ལྟར་རང་ཉིད་ཀྱི་གམ་ནས་སོང་བར་ལྟ་བཞིན་དུ“དེ་སྔ་རྣམ་པ་འདི་འདྲ་བསམ་བློར་ཡང་འཁོར་མྱོང་མེད། ལྟོས་གྲོད་པ་མི་རྒྱགས་པའི་དུས་སུ་ཡུལ་མི་ཚོས་ཡོང་འབབ་བསགས་ནས་ཁྱིམ་ཚང་སྐྱོང་བ་ལས་གཞན་དག་གང་ལའང་བསམ་བློ་གཏོང་གི་མེད། ཁྱིམ་གྱི་སྒོ་འགྲམ་ནས་རྒྱལ་སྤྱིའི་ལུས་རྩལ་འགྲན་བསྡུར་ལྟ་རྒྱུ་བྱུང་བ་ནི་མིག་གི་ལོངས་སྤྱོད་རང་རེད”ཅེས་བཤད།
ཚེས་11ཉིན་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་གཉིས་པའི་འགྲན་མཚམས་གསུམ་པའི་ཁྲི་ཀ་ནས་དགོན་ལུང་བར་གྱི་འགྲན་བསྡུར་བྱས་པ་རེད། ལམ་བར་དུ་མཐའ་མའི་གདོང་མཆོང་ས་ཚིགས་པན་ཡན་གྲོང་ཚོར་བཙུགས་ཤིང་། དེ་ཉིན་གྱི་འགྲན་བསྡུར་ལ་ཞུགས་མཁན་བདམས་ཐོན་པ་149ཡིས་ས་ཚིགས་འདི་ནས་མྱུར་ཚད་མགྱོགས་སུ་བཏང་སྟེ་མཐའ་སྣེའི་ཕྱོགས་སུ་བསྐྱོད།
ཁོང་ཚོས་ནུས་ཤུགས་ཡོད་རྒུས་རྐང་འཁོར་བཞོན་པའི་རྣམ་པ་དེ་པན་ཡན་གྲོང་ཚོའི་གྲོང་མིས་བདེ་སྐྱིད་ལྡན་པའི་འཚོ་བའི་ཆེད་དུ་རྒྱུན་ཆད་མེད་པར་འབད་འཐབ་བྱེད་པའི་རྣམ་པ་དང་གཉིས་སུ་མ་མཆིས།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཐུའུ་རིགས་རང་སྐྱོང་རྫོང་གི་ཝུའུ་ཧྲི་གྲོང་རྡལ་པན་ཡན་གྲོང་ཚོར་ལོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། ལིའུ་ཕན་ཧྲན་རི་ཁུལ་དུ་གནས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་ཡུག་སྦྲེལ་ས་ཁུལ་དུ་གྲོང་མི་ཚོའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དེ་སྔ་སྒོར་2000ལྷག་ཙམ་ལས་ཟིན་གྱི་མེད། དུས་ཡུན་རིང་པོའི་ནང་ལམ་ཡག་པོ་མེད་པ་དང་། འཐུང་ཆུ་དཀོན་པ། སློབ་གྲྭར་སྐྱོད་དཀའ་བ་སོགས་ཀྱི་གནད་དོན་ལས་རི་སྟེང་དུ་འཚོ་སྡོད་བྱེད་མཁན་གྲོང་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་ཡོད།
2016ལོར་གྲོང་མི་ཚོས་སྔ་རྗེས་སུ་ས་བབ་མཐོ་ཚད་སྨི་2800ཟིན་པའི་རི་སྟེང་ནས་རི་གཤམ་གྱི་ཐང་གཤོངས་སུ་གནས་སྤོས་པ་རེད།
གྲོང་མི་ལུའེ་ཀྲི་ཧྥ་ཡིས་དེ་སྔ་གསར་འགོད་པར་གཏམ་རྒྱུད་འདི་འདྲ་ཞིག་བརྗོད་མྱོང་བ་སྟེ། འདས་ཟིན་པའི་ལོ་30ཡི་ནང་ཁོང་ཁྱིམ་དུ་བོང་བུ་ལྔ་གསོ་མྱོང་ཡོད་ཅིང་། དེ་དག་ས་ཞིང་རྨོ་བ་དང་རི་གཤམ་དུ་ཆུ་ལེན་པ་སོགས་ལ་སྤྱོད་ཀྱི་ཡོད། འོན་ཀྱང་རི་ཤིན་ཏུ་གཟར་བས་བོང་བུ་3རི་སྟེང་ནས་ལྷུང་སྟེ་ཤི་བ་རེད། 2014ལོར་འབྲུ་རིགས་དབོར་དགོས་པས་ཁོང་གིས་ཁྱིམ་མཚེས་ཀྱི་ས་ནས་བོང་བུ་ཞིག་གཡར་བ་དེའང་རི་ནས་ལྷུང་བ་རེད།
ད་ཆ་གྲོང་གསེབ་དར་རྒྱས་གཏོང་རིང་འཆར་འགོད་འཛུགས་སྐྲུན་བྱས་པའི་ཐོན་ལས་རབ་དང་རིམ་པས་ས་གནས་དེ་གའི་འཕེལ་རྒྱས་ལ་གཤོག་ཟུང་བསྒར་ཡོད། ཝུའུ་ཧྲི་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལི་ཝུའེ་ཡིས། ཉེ་བའི་ལོ་ཤས་རིང་དེ་གར་འོད་ཤུགས་གློག་གཏོང་དང་། ཁྱད་ལྡན་གསོ་ཚགས། མིང་ལིའུ་ཨ་རག་སྙོལ་བཟོ། ཐུའུ་རིགས་ཀྱི་འཚེམ་བཟོ། གྲོང་གསེབ་ཀྱི་ཡུལ་སྐོར། ཞིང་ཁྱིམ་སྤྲོ་སྐྱིད་ཁང་སོགས་ཐོན་ལས་རགས་ཙམ་གྲུབ་ནས། “གྲོང་ཚོ་དབུལ་པོའི”ཞྭ་མོ་ཕུད་པའི་གྲོང་མི་ཚོར་ཡང་དམིགས་འབེན་དེ་བས་མང་དུ་ཕྱིན་ཡོད་ཅེས་བརྗོད།
པན་ཡན་གྲོང་གསར་གྱི་དམངས་ཕན་ཞབས་ཞུའི་ལྟེ་གནས་ཐང་ཆེན་དུ་དབྱར་ཁ་ས་སྲིབ་མཚམས་སུ་དཀར་གསལ་ཟླ་འོད་འོག་གྲོང་མི་ཚོས་ལན་ཆིའུ་སྤོ་ལོ་རྒྱག་པ་དང་ཐུའུ་རིགས་ཀྱི་ཞབས་བྲོ་རྒྱག་པ་ལ་སོགས་དགའ་སྤྲོའི་དགོད་སྒྲས་ཁེངས་ནས་ཡོད།
ལུའེ་ཡིའུ་རུང་གིས“འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་ནས་ལྟོ་གོས་ལ་སེམས་ཁྲལ་བྱེད་དགོས་མེད་པས་ལུས་སྦྱོང་བྱ་རྒྱུ་དེ་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད”ཅེས་བཤད།
པན་ཡན་གྲོང་གསར་དང་བར་ཐག་སྤྱི་ལེ་25ཡོད་པའི་དགོན་ལུང་རྫོང་གྲོང་དུ་གངས་འཁྱགས་ལུས་རྩལ་ལ་དགའ་པོ་བྱེད་མཁན་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་བསྟུན་ནས་ལོ་ལྟར་གངས་ཤུད་གློད་པའི་དུས་ཚིགས་སུ་ཉེ་འཁོར་གྱི་གྲོང་ཚོ་དང་གྲོང་རྡལ་གྱི་མི་མང་པོ་ཞིག་རྫོང་གྲོང་གི་གངས་ཤུད་གློད་སར་ལས་ཀ་བྱེད་པར་ཡོང་བ་དང་ཁག་གཅིག་གངས་ཤུད་རྩལ་ཁྲིད་པར་གྱུར་ཡོད།
གྲོང་གསེབ་དར་རྒྱས་གཏོང་བ་དང་དམངས་ཡོངས་བདེ་ཐང་ཡོང་བར་བྱེད། ལུས་རྩལ་བྱེད་སྒོ་དེ་གྲོང་མི་དེ་བས་མང་བའི་དགོས་མཁོར་གྱུར་ཡོད།
“མཚོ་སྐོར་འགྲན་བསྡུར་གྱིས་སྣེ་ཁྲིད་བྱེད་པའི་ལུས་རྩལ་རིག་གནས་རྩྭ་ཐང་དུ་རྒྱུན་མི་ཆད་པར་དར་ཡོད། ལུས་རྩལ་ཁྲོད‘གཟུགས་པོ་བདེ་ཐང་དང་སེམས་ཤུགས་སྐྱེད་པའི’བསམ་པའི་སྟོབས་ཤུགས་འཕེལ་བས་གྲོང་གསེབ་དར་རྒྱས་མྱུར་པོ་ཡོང་བར་རམ་འདེགས་ཡོང་ཐུབ་ཅེས་ནུབ་མཚོ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཅིན་ཡིའུ་ཡོན་གྱིས་བཤད།