ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་དགོས།
—— ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་སྐོར་གྱི་གླེང་ཐེངས་གཉིས་པ།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་གནས་རྟོག་དཔྱོད་དང་གོ་སྐབས་དམ་འཛིན་བྱས་ཏེ་བཏོན་གནང་བའི་འཐབ་ཇུས་ཀྱི་བཀོད་ཇུས་ཤིག་རེད་ལ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་སྤྱད་དེ་གནད་དོན་དངོས་ཐག་གཅོད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད།
ད་ཐེངས་ཀྱི་ཚོགས་ཆེན་ལ་དར་ཆ་མཐོན་པོར་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་དང་། དམིགས་ཚད་ཁ་གསལ་བཟོས་ནས་ངར་ཤུགས་སློང་བ། སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་བཅས་བྱས་ཏེ་འབད་འབུངས་ཡར་བརྩོན་གྱིས་རྒྱང་ལམ་གསར་པར་སྐྱོད་པ་དང་འགན་འཁྲི་གསར་པ་ཕྲག་ཏུ་འཁུར་བར་སྐུལ་སློང་རྒྱ་ཁྱབ་བྱས་ཡོད། ཚོགས་ཆེན་ལ《འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་དང་མཐུན་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བཏབ་པ་མ་ཟད། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ཀྱི་ལས་ཀའི་བསམ་ཕྱོགས་སྔར་བས་གསལ་པོ་བཟོས་པ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒྲོམ་གཞི་བཟོ་བ་དང་བྱེད་ཐབས་བཏོན་ཏེ། ཁྱབ་ཁོངས་ཁག་གི་དམིགས་ཚད་ལས་འགན་དང་ལས་ཀའི་བྱེད་ཐབས་བརྒྱུད་རིམ་ལྡན་པའི་ངང་བཏོན་ཡོད་པས། གཞི་ཆེའི་བཀོད་ཇུས་ཡོད་ལ་གཞི་ཆུང་གི་གཞི་རྟེན་ཡོད་པ་དང་། ཕུགས་ཀྱི་དམིགས་ཚད་ཡོད་ལ་ཉེ་དུས་ཀྱི་གཙོ་གནད་ཡོད་པ། འཐབ་ཇུས་ཀྱི་བཀོད་སྒྲིག་ཡོད་ལ་དམ་འཛིན་བྱ་གཞི་ཞིབ་ཕྲ་ཡོད་པ་བཅས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་དང་ལྷག་པར་དུ་མི་སེམས་ལ་སྐུལ་ལྕག་དང་འབད་འབུངས་ཀྱི་བརྩོན་སེམས་འཕེལ་ནས་ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་གོ་སྐབས་དམ་འཛིན་དང་དུས་བསྟུན་མདུན་སྐྱོད་ཀྱི་གདེང་ཚོད་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན་པ་མ་ཟད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འཕེལ་རྒྱས་དོན་གཉེར་དང་བྱ་གཞག་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་འོས་འགན་སྒྲུབ་སེམས་དེ་བས་ཆེ་རུ་ཕྱིན་ཡོད།
བོད་ཀྱི་དཔལ་འབྱོར་གྱི་དུས་བབ་ལ་ཞིབ་འཇུག་དང་བརྡར་གཅོད་བྱེད་པའམ་ཡང་ན་འབྱུང་འགྱུར་གྱི་ཇུས་གཞི་བཟོ་བར། ཡང་དག་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ་ནི་ཕན་འབྲས་ཐོབ་པའི་འགག་རྩ་རེད། དུས་རབས་གསར་པའི་འཕེལ་རྒྱས་ཀྱི་ལག་ལེན་ལ་སྣེ་ཁྲིད་བྱེད་པའི་བཀོད་འདོམས་དབྱུག་པ་དང་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་མཛུབ་ཁྲིད་རྩ་དོན་ཁ་གསལ་བྱུང་ནས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ཕྱོགས་སྡོམ་དང་སྙིང་བསྡུས་གསར་རྐྱང་ཞིག་བྱས་ཡོད་ལ། འཕེལ་རྒྱས་གང་འདྲ་ཞིག་མངོན་འགྱུར་དང་ཇི་ལྟར་བྱས་ནས་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུའི་གནད་དོན་ལ་དེ་བས་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་ཡོད། དུས་བབ་གསར་པར་ཕྱོགས་ནས་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་སྐུལ་འདེད་གཏོང་བར། ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་དགོས་ལ། དེ་ཉིད་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ཁྱབ་པར་བྱས་ནས་ཐོག་མཐའ་བར་གསུམ་དུ“བསམ་ཇུས་གཅིག”གི་བསམ་བློ་འཛུགས་པ་དང“འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔར”བརྟེན་ནས“འཛུགས་གཏོད་བཞིར”མཛུབ་ཁྲིད་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་དགོས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་དམིགས་ས་དང་ཤུགས་རྒྱག་སར་གཞི་ཚུགས་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་སྟངས་འཛིན་ཡག་པོ་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས། བོད་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་དོན་དངོས་དང་བསྟུན་པ། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་པ། འཕེལ་རྒྱས་ཀྱི་རྣམ་པ་ལེགས་སུ་གཏོང་བ་འཇུག་གཞིར་བྱེད་པ། རྒྱུ་རྐྱེན་གཙོ་བོ་དང་སྒྲིག་བཀོད་འཛུགས་སྐྲུན་འདེགས་སྐྱོར་དུ་བྱེད་པ། ལམ་ལུགས་དང་ལམ་སྲོལ་འགན་ལེན་དུ་བྱེད་པ། སྤྱི་འདོམས་འཆར་འགོད་དང་། རིགས་དབྱེ་ཇུས་བསྟར། གནད་སྨིན་ཤུགས་འདོན་བཅས་བྱེད་པ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤུས་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ལེགས་པ། གྲུབ་ཆ་དེ་བས་བཟང་བ། ལེགས་ཆ་གང་ལེགས་མངོན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཧུར་ཐག་སྐྱོད་དགོས།
འཐབ་ཇུས་ཀྱི་གཙོ་གནད་ཁོང་དུ་ཆུད་ཚེ། གཞི་ནས་རྩ་བ་བརྟན་པོར་བཟུང་ཐུབ། གཙོ་རྒོལ་ཁ་ཕྱོགས་གསལ་པོ་བྱུང་ཚེ། གཞི་ནས་ཕྱོགས་ཡོངས་ལ་སྣེ་ཁྲིད་བྱེད་ཐུབ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ཞིག་རེད། ལྗོངས་ཏང་ཨུད་སྐབས་བཅུ་པས་དུས་མཚམས་གསར་པ་དང་དུས་བབ་གསར་པར་ཚན་རིག་དང་མཐུན་པའི་ངང་ཞིབ་འཇུག་བརྡར་གཅོད་དང་རྒྱང་ལམ་གསར་པ་དང་བླང་བྱ་གསར་པར་སྟངས་འཛིན་ནན་པོ་བྱས་ཏེ་བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་དང་ལས་ཀའི་གཙོ་གནད་མངོན་པར་བྱས་ནས། ཇི་ལྟར་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པར་སྐུལ་ཁྲིད་བྱས་ཡོད་ལ། བླང་བྱའང་ཁ་གསལ་བཏོན་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱར་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ཀྱི་ལས་འགན་ལ་དམ་པོར་དམིགས་པ་དང་ལས་ཀའི་ལས་འགན་སྒྲུབ་སེམས་དང་ཁ་ཚ་དགོས་གཏུག་གི་བསམ་པ་ཆེ་རུ་བཏང་ནས་ལས་དོན་ཁག་ལ་དམ་འཛིན་དང་ཡག་པོ་སྒྲུབ་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྟངས་འཛིན་དང་། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཞིང་ས་གཤིན་པོ་སྐྱེད་སྲིང་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གཏོད་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། རྒྱལ་ནང་དང་ནང་སར་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་པ། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་ཡག་པོ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་གྱི་ངར་ཤུགས་བཅས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།